གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀའ་ཤོག་ལུ་བརྟེན་ གྲོས་བསྡུར་ཤུགས་ཆེར་འབྱུང་ནིའི་འོས་འབབ།

ཨིན་རུང་ སའི་དཔྱད་ཡིག་དེ་ ད་ལྟོའི་ སྤྱི་ཚོགས་ཀྱི་ གནས་ཡུན་སྐབས་ ཆ་འཇོག་གྲུབ་ཚུགས་པའི་ འོས་འབབ་མེདཔ།

༢༡/༠༦/༢༠༡༢   ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ སའི་ཚད་གཞིའི་སྐོར་ དགོངས་འཆར་གནང་མི་དེ་ འབྲུག་གི་སའི་དཔྱད་ཡིག་ཟིན་བྲིས་༢༠༡༢ ཅན་མའི་ནང་ བཙུགས་ཐོག་ལས་ ད་རིས་ཀྱི་ ཚོགས་ཐེངས་ནང་ གྲོས་བསྡུར་གནང་ནི་ཨིན་ཟེར་ བློན་ཆེན་ངོ་ཚབ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ བཤདཔ་ཨིན་པས།


དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ མི་སེར་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ཐུགས་བཞེད་གནང་སྟེ་ བཀའ་རྒྱ་གནང་ཡོདཔ་ལས་ ང་བཅས་ཀྱིས་ སའི་ཚད་གཞི་དེ་ དཔྱད་ཡིག་ཟིན་བྲིས་ནང་ བཙུགས་ཐོག་ལས་ གྲོས་བསྡུར་འབད་འོང་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ ཀུན་གསལ་ལུ་ བཤདཔ་ཨིན་པས།
རྒྱལ་པོའི་བཀའ་ཤོག་དེ་ རེས་གཟའ་མིག་དམར་དང་ ལྷག་པ་ལུ་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ནང་ ལྷག་ཕུལ་ཡོདཔ་ད་ བཀའ་འཕྲིན་ནང་ ད་རེས་ ང་བཅས་རའི་ རྒྱལ་ཁབ་ནང་ ས་ཆ་ཚད་ཅིག་ལས་མེད་པའི་གུ་ ཁྲོམ་གྱི་ས་ཆའི་ རིན་གོང་ཡར་འཕར་འགྱོ་ཡི་ར་སྡོདཔ་ད་ ས་ཆ་དང་ རྒྱུ་ནོར་ཚུ་ མི་ངོ་དག་པ་ཅིག་གི་ལག་པར་ཚུད་པའི་ ཉེན་ཁ་ཡང་ཡོདཔ་ལས་ རྒྱལ་ཁབ་ཀྱི་ གཙུག་སྡེ་མེན་པའི་ འབྲུག་མི་འབྱོར་པ་ཅན་དང་ སྐུ་འཁོར་ག་ར་འབད་རུང་ སའི་ཚད་གཞི་དང་ ཐོབ་ལམ་ཚུ་ འབྲུག་གི་སྤྱིར་བཏང་དང་ ཤོ་མཚུངས་སྦེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ བཀོད་གནང་ནུག།
དེ་འབད་ནི་དེ་གིས་ འབྲུག་གི་སའི་དཔྱད་ཡིག་༢༠༡༢ ཅན་མ་དེ་ ང་ར་གིས་ བལྟ་བལྟཝ་མེདཔ་ལས་ སའི་དཔྱད་ཡིག་ཟིན་བྲིས་ནང་ གོང་ལུ་བཀོད་པའི་ གནད་དོན་ཚུ་ མ་ཚུན་པ་ཅིན་ བསྒྱུར་བཅོས་འབད་དེ་ བཙུག་དགོཔ་གལ་ཆེ་ཟེར་ བཀའ་ཤོག་ནང་ བཀོད་གནང་ནུག།
མི་དབང་མཆོག་གིས་ སྐུ་འཁོར་གྱི་ མཐའ་དོན་ཚུ་ ཐུགས་བློས་བཏང་སྟེ་ འབྲུག་གི་སྤྱིར་བཏང་མི་སེར་དང་ ཤོ་མཚུངས་སྦེ་ བཟོ་གནང་མི་དེ་ མཁྱེན་རྒྱ་ཡངས་པའི་ མཛད་བྱ་བཟང་པོ་ཅིག་ཨིན་མས་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ ཚོགས་ཁང་ནང་ ཞུ་བའི་ཁར་ འདི་བཟུམ་མའི་ ས་ཆ་བདག་དབང་གི་ ཚད་གཞི་བཟོ་གནང་མི་དེ་གིས་ སྤྱིར་བཏང་མི་སེར་ལུ་ ཕན་ཁྱད་ཡོད་རུང་ སྐུ་འཁོར་ཚུ་ལུ་ གནོད་པ་ཡོད་ཟེར་ ཞུ་ཡི།
ད་ལྟོ་ཚོགས་པའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་དང་འཁྲིལ་བ་ཅིན་ སོ་ནམ་བློན་པོ་གིས་ སའི་དཔྱད་ཡིག་དེ་ སྤྱི་ཟླ་༧ པའི་ཚེས་༣ ལུ་ ཚོགས་ཁང་ནང་ གསུང་གྲོས་གནང་ནིའི་དོན་ལུ་ ངོ་སྤྲོད་ཞུ་ནི་དང་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཆ་འཇོག་གི་ གྲོས་དོན་ཕུལ་ནི་ཨིན་པས།
དཔྱད་ཡིག་དེ་ ཚོགས་ཁང་ནང་ ཆ་འཇོག་འགྲུབ་ནི་ཨིན་ན་ ཡང་ཅིན་ ཤུལ་མའི་ཚོགས་ཐེངས་ནང གསུང་གྲོས་གནང་དགོཔ་ འཐོན་ནི་ཨིན་ན་ གསུང་གྲོས་གནང་ཐངས་དང་འཁྲིལ་ འགྱོ་འོང་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ སླབ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་རུང་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནང་དགོཔ་ད་ དེ་ཡང་ ཤུལ་མའི་གནམ་དགུན་གྱི་ ཚོགས་ཐེངས་༡༠ པའི་ནང་མ་གཏོགས་ གྲོས་བསྡུར་གནང་ཐབས་མེདཔ་ཨིན་པས།
ཚོགས་ཐེངས་༡༠ པ་དེ་ སྤྱི་ལོ་༢༠༡༣ ལུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མར་ སྤྱི་ཚོགས་ཧྲམ་དགོཔ་ལས་ ཚོགས་ཐེངས་མཇུག་འོང་ནི་ཨིནམ་ད་ གལ་སྲིད་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ སའི་དཔྱད་ཡིག་ལུ་ གྲོས་འཆམ་བྱུང་མ་ཚུགས་པའི་ གནད་དོན་ལེ་ཤ་ཐོན་སོ་པ་ཅིན་ དཔྱད་ཡིག་དེ་ སྤྱི་ལོ་༢༠༡༣ གྱི་སྤྱིར་བཏང་བཙག་འཐུའི་ཤུལ་ལས་ སྤྱི་ཚོགས་གསརཔ་གཞི་བཙུགས་འབད་ཞིནམ་ལས་རྐྱངམ་གཅིག་ བསྐྱར་གྲོས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment