གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ལམ་ཁག་ལེ་ཤ་ཆད་ཡོདཔ།

ས་རྐོ་འཕྲུལ་ཆས་ཀྱིས་ འཁོར་ལམ་སེལ་བའི་བསྒང་།
༢༩/༠༦/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་གི་བར་ན་ ཀི་ལོ་མི་ཊར་༡༨ ལུ་ འཁོར་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མ་ཁམས་ཅིག་ལས་ བསལ་ཚར་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ལུ་འགྱོ་སའི་གཞུང་ལམ་ ནར་ཕུ་ཟེར་མི་ནང་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༧ དེ་ཅིག་ལུ་ འཁོར་ལམ་སྦོམ་སྦེ་ར་ བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།



བསམ་གྲུབ་ལྗོངས་མཁར་ དཱན་ཊག་ལས་འགུལ་གྱི་འགོ་དཔོན་ མིན་ རཱཇ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་འཁོར་ལམ་ དུམ་གྲ་རེ་ མེདཔ་བཏང་མི་ཚུ་ བསལ་ཚར་ཡོདཔ་ཨིན་རུང་ ཀི་ལོ་མི་༥༢ ལུ་ བསུབས་མི་དེ་ ཁ་ཙ་ སེལ་མ་ཚར་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་བསུབས་ཡོད་མི་ ས་གནས་དེ་ ད་ལྟོ་ ཉེན་ཁ་ཅན་སྦེ་ཡོདཔ་མ་ཚད་ རྡོ་ཚུ་ཡང་ བུད་ཆོག་ཆོ་སྦེ་ཡོདཔ་ལས་བརྟེན་ གང་མགྱོགས་བསལ་ནི་ཨིན་རུང་ ལས་བྱེདཔ་ཚུ་གིས་ སྲོག་གི་ཉེན་ཁ་འབག་སྟེ་ ལཱ་མི་འབད་བས་ཟེར་ སླབ་ཨིན་པས།
དེ་མ་ཚད་ འཁོར་ལམ་གྱི་སྦུག་ལུ་ བུད་འོང་མི་རྡོ་ཚུ་ཡང་ འཕྲུལ་ཆས་ཀྱིས་ བཀག་ཚུགས་པའི་ རྡོ་མེན་པས་ཟེར་ཨིན་པས།
དེ་འབདཝ་ལས་ ལམ་བསལ་ནིའི་དོན་ལུ་ དྲན་པ་ཐེབས་བཏོན་ཏེ་ བསལ་དགོཔ་ལས་བརྟེན་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།
བདེ་བ་ཐང་དང་ བང་ཊར་གྱི་བར་ན་ ལམ་བསུབས་ཡོད་མི་དེ་ཡང་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༡ ལུ་ བསལ་ཚར་ཡོདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ཉིན་གྲངས་༤ གི་ ཧེ་མ་ལས་ར་ འགྲུལ་འཕྲིན་མོ་བ་ཡེལ་དང་ གློག་མེ་བཀྲམ་སྤེལ་ དེ་ལས་ གཞུང་ལམ་གྱི་ མཐུད་སྦྲེལ་ཚུ་ ག་ཅི་ཡང་ མེདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ འགྱོ་སའི་ལམ་ཁར་ ལམ་ཁག་༡༢ དེ་ཅིག་ བསུབས་ཡོདཔ་ད་ བསམ་གྲུབ་ཆོས་གླིང་དེ་ བདེ་བ་ཐང་ལས་ ཀི་ལོ་མི་ཊར་༤༩ གི་ས་ཁར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ས་གནས་ཀྱི་རྒཔོ་༣ དང་ དྲུང་ཁག་གི་འགོ་དཔོན་ དེ་ལས་ ཁག་འབགཔ་༡ བསམ་གྲུབ་ལྗོངས་མཁར་ལུ་ རྩིས་ལོ་མཇུག་བསྡུ་ནིའི་དོན་ལུ་ འགྱོ་སའི་ལམ་ཁར་ ལམ་རྒྱ་ཆེ་དྲགས་སྦེ་ར་ བསུབས་ཡོད་མི་ལུ་བརྟེན་ ཞག་སྣུམ་འཁོར་ནང་ ཉལ་སྡོད་དགོཔ་བྱུང་ཡོདཔ་ད་ ཁོང་ཆ་ཁྱབ་ བསམ་གྲུབ་ལྗོངས་མཁར་ལུ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་རྐྱངམ་གཅིག་ ལྷོད་ཡོདཔ་ཨིན་པས།
རྒཔོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་༢ དེ་ཅིག་འགོར་མི་དེ་ ད་རེས་ ཉིན་གྲངས་༢ འགོརཝ་མས་ཟེར་ཨིནམ་ད་ དེ་མ་ཚད་ དུས་ཅི་གི་ ཆརཔ་རྐྱབ་ཐངས་དེ་ ཨ་རྟག་དང་མ་འདྲཝ་སྦེ་ར་ འདུག་ཟེར་བཤདཔ་ཨིན་པས།
རོང་ཆུ་བྲེས་མི་ལུ་བརྟེན་ སོ་ནམ་ཞིང་ལམ་ཚུ་ཡང་ ཆུ་གིས་འཕྱགས་བདའ་ཡོདཔ་ལས་ པདྨ་ཐང་རྒེད་འོག་དང་ བསམ་རང་ དེ་ལས་ མར་ཚ་ལ་རྒེད་འོག་༣ ཆ་ར་ དྲུང་ཁག་ནང་ མ་ཐལ་བར་ཡོདཔ་ཨིན་པས།
ཏག་ལའི་གཙང་ཆུ་ནང་ ས་རུད་ཆད་མི་ལུ་བརྟེན་ ཆུ་ལམ་སྒྱུར་འགྱོ་བའི་ཤུལ་ལུ་ པདྨ་ཐང་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་གི་ས་ཁར་ ཆུ་རྫིང་འཁྱིལ་ཏེ་འདུག་ཟེར་ པདྨ་ཐང་རྒཔོ་ མ་དུ་ཀར་ སུ་བཱ་གིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ག་དེམ་ཅིག་སྦེ་ ཆུ་རྫིང་དེ་ རྦེད་འོང་པ་ཅིན་ པདྨ་ཐང་རྒེད་འོག་གི་ གཡུས་ཚན་ཚེ་ཏོག་ཐང་དང་ དུང་དཀར་གླིང་གི་ གཡུས་ཚན་༢ ཆུ་གིས་ འཕྱགས་བདའ་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ གཡུས་ཚན་༢ ནང་ ཁྱིམ་གུང་པ་༡༤༠ དེ་ཅིག་ཡོདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ གློག་མེའི་འགོ་དཔོན་ཚུ་གིས་ ཉིན་གྲངས་༤ གི་ཧེ་མ་ལས་ གློག་མེ་མེདཔ་ཐལ་མི་དེ་ ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགསཔ་ཨིན་པས།
འཁོར་ལམ་ཚུ་ ཐདམ་ཐད་ཁ་ལས་ཕར་ བསུབས་ཡོད་མི་ལུ་བརྟེན་ བརྒྱུད་འཕྲིན་གྱི་ རྒྱུད་ལམ་ཚུ་ཡང་ ལེགས་ཤོམ་མེདཔ་ལས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུགས་པས་ཟེར་ འཕྲུལ་རིགཔ་སངས་རྒྱས་ཚེ་རིང་གིས་ བཤདཔ་ཨིན་པས།
ག་དེམ་ཅིག་སྦེ་ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་གྱི་ རྒྱུད་ལམ་ཚུ་ ལེགས་ཤོམ་སྦེ་ ལཱ་འབད་བཏུབ་པ་ཅིན་ གློག་མེ་མེད་མི་དེ་ གནོད་སྐྱོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཤེས་ཚུགས་ནི་ཨིནམ་ལས་ ཉིནམ་༡ ནང་ར་ རྒྱུན་སྐྱོང་འཐབ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment