གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གིས་ རང་སོའི་འབབ་ཁུངས་ཁྲལ་གྱི་ལམ་ལུགས་ བསྐྱར་བཟོ་འབད་དགོ་པའི་གྲོས་འདེབས་ཕུལ་ནི།

ཧེ་མའི་ ཚོགས་ཐེངས་༥ པའི་སྐབས་ལས་ར་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་འདེབས་དེ་ཚུ་ གྲོས་བསྡུར་འབད་དེ་ གཞུང་ལུ་ཕུལ་ཡོད་རུང་ གཞུང་གིས་ ད་ཚུན་ངོས་ལེན་མ་མཛདཔ་ཨིན་པས།
 

 ༢༨/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲལ་དང་འབྲེལ་བའི་ སྲིད་བྱུས་ནང་ བསྒྱུར་བཅོས་དང་ བསྐྱར་བཟོ་འབད་དགོ་པའི་གནད་དོན་ ཁག་༤ དེ་ཅིག་ གཞུང་སྐྱོང་ལུ་ གྲོས་འདེབས་ཕུལ་ནི་སྦེ་ ཆ་འཇོག་གྲུབ་ཅི།


དེ་ཡང་ ལྷུན་རྩེ་ ཚོགས་སྡེའི་འཐུས་མི་ རིག་འཛིན་གྱིས་ དོན་ཚན་༣ དེ་ཅིག་ གསལ་བཀོད་འབད་བའི་ཁར་ ད་རུང་ དོན་ཚན་༡ ཁ་སྐོང་བཀལ་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ད་ རིག་འཛིན་གྱིས་འབད་བ་ཅིན་ འོང་འབབ་ཁྲལ་གྱི་བཅའ་ཁྲིམས་ སྤྱི་ལོ་༢༠༠༡ ཅན་མ་དེ་ ད་ཚུན་གི་རིང་ལུ་ ལག་ལེན་འཐབ་སྟེ་ དེ་དང་འབྲེལ་བའི་ ཁྲལ་གྱི་གནས་ཚད་ནང་ བསྒྱུར་བཅོས་མེད་པར་གནས་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་སྦོམ་སོང་ཡོདཔ་ལས་ འོང་འབབ་ཁྲལ་ཚུ་ལུ་ཡང་ དེ་དང་བསྟུན་པའི་ བསྒྱུར་བཅོས་དང་ བསྐྱར་བཟོ་འབད་དགོཔ་ཡོད་ལུགས་ཀྱི་ གྲོས་འདེབས་ཕུལཝ་ཨིན་ཟེར་ཞུ་ཡི།
ཁོ་གིས་བཀོད་པའི་ གྲོས་འདེབས་དོན་ཚན་དང་པའི་ནང་ རང་སོའི་འབབ་ཁུངས་ཁྲལ་ནང་ བསྒྱུར་བཅོས་འབད་དགོཔ་སྦེ་བཀོད་མི་དེ་ཡང་ རང་སོའི་འབབ་ཁུངས་ཁྲལ་གྱི་གནས་ཚད་དེ་ ད་ལྟོ་ ཁྲལ་ཡངས་ཆག་ དངུལ་ཀྲམ་༡༠༠,༠༠༡ ཚུན་ལུ་ ཐོབ་མི་དེ་ དངུལ་ཀྲམ་༢༠༠,༠༠༡ ལུ་ ཡར་སེང་འབད་དགོཔ་འདུག་ཟེར་ཞུ་ཡི།
ཞུ་བ་དེ་ལུ་ འཐུས་མི་གཞན་ཚུ་གིས་ཡང་ རྒྱབ་སྐྱོར་ཡོད་ལུགས་ཚུ་ཞུ་ཡོདཔ་མ་ཚད་ པདྨ་དགའ་ཚལ་ ཚོགས་སྡེའི་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ གསལ་ཞུ་འབད་མིའི་ནང་ ད་ལྟོ་ རང་སོའི་འབབ་ཁུངས་ཁྲལ་གྱི་ གནས་ཚད་དང་འཁྲིལ་བ་ཅིན་ མི་རེ་གིས་ ཟླཝ་རེ་ལུ་ འོང་འབབ་དངུལ་ཀྲམ་༨,༠༣༣ ལས་ལྷག་སོ་པ་ཅིན་ ཁྲལ་ཕོགཔ་སྦེ་ཡོདཔ་ལས་ གནས་སྟངས་དེ་དང་འབྲེལ་ ཟླཝ་རེ་ལུ་ འོང་འབབ་དངུལ་ཀྲམ་༨༠༠༠ ལྷགཔ་ཅིག་འབད་མི་གིས་ མི་རེ་གི་འཚོ་རྟེན་ཟད་འགྲོ་ལང་ཚུགས་ག་ མི་ཚུགས་བལྟ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ གྲོས་འདེབས་ནང་ ཁྲལ་ཡངས་ཆག་གི་གནས་ཚད་དེ་ དངུལ་ཀྲམས་༢༠༠,༠༠༡ ལུ་ཡར་སེང་འབད་ནི་མེན་པར་ སྐྱ་ནམ་གྱི་གནས་གོང་ཡར་འཕར་དང་བསྟུན་འབད་དགོཔ་འདུག་ཟེར་ གྲོས་འདེབས་ཕུལ་མི་ལུ་ ཚོགས་དམངས་ཀྱིས་ ངོས་ལེན་འབད་དེ་ གྲོས་འཆམ་བྱུང་ཡི།
རང་སོའི་འབབ་ཁུངས་ཀྱི་ཁྲལ་དང་འབྲེལ་བའི་ གནས་སྟངས་ནང་ ད་རུང་ གཅིགཔོ་དེ་ ཁྲལ་ཕོག་པའི་ འོང་འབབ་མཐོ་ཤོས་ཀྱི་ གནས་ཚད་དེ་ དངུལ་ཀྲམ་ས་ཡ་༡ ལས་ ས་ཡ་༢ ལུ་ ཡར་སེང་འབད་ཐབས་མཛད་དགོཔ་ད་ འོང་འབབ་མཐོ་ཤོས་ལུ་ ཁྲལ་གྱི་ཕོག་རིམ་ བརྒྱ་ཆ་༢༥ ཡོད་མི་དེ་ བརྒྱ་ཆ་༣༥ ལུ་ ཡར་སེང་འབད་དགོ་པའི་ཁར་ སློབ་ཕྲུག་རེ་ལུ་ ཤེས་ཡོན་ཟད་འགྲོའི་ཡངས་ཆག་དངུལ་ཀྲམ་༥༠,༠༠༠ ལས་ དངུལ་ཀྲམ་༡༠༠,༠༠༠ ལུ་ ཡར་སེང་གནང་ཐབས་ཀྱི་ འོས་འབབ་གཟིགས་དགོཔ་སྦེ་ཞུ་ཡི།
ད་ལྟོ་གནས་སྟངས་ནང་ ཚོང་འབྲེལ་ལུ་བརྟེན་པའི་ འབབ་ཁུངས་ཀྱི་ཁྲལ་བསྡུ་ལེན་འབད་ཐངས་དེ་ འདྲ་མཉམ་མེདཔ་ལས་ དེ་ཡང་ འོས་ལྡན་གྱི་ལམ་ལུགས་ཅིག་གཞི་བཙུགས་འབད་དགོཔ་སྦེ་ཞུ་བའི་ཁར་ ད་ལྟོའི་བྱ་རིམ་བཟུམ་འབད་བ་ཅིན་ ཁྲལ་ཚད་གཅིག་གི་ཐོག་ལུ་ ལོ་བསྟར་བཞིན་དུ་ ཡར་སེང་ཐོག་བསྡུ་ལེན་འབད་མི་དེ་ ཚོང་པ་ཆུང་རིམ་ཚུ་ལུ་ འོས་འབབ་དང་མི་ལྡན་པས་ཟེར་ཞུ་ཡི།
ལམ་ལུགས་ག་བཟུམ་ཅིག་གཞི་བཙུགས་འབད་ནི་ཨིན་ན་ཚུ་གི་སྐོར་ལས་ གཞུང་གིས་ དབྱེ་ཞིབ་འབད་ཐོག་ལས་ ངོས་འཛིན་འབད་ཚུགས་པ་ཅིན་ འདྲ་མཉམ་དང་ ལེགས་ལྡན་འབྱུང་ནི་མས་ཟེར་ཨིནམ་ད་ སྤྱིར་བཏང་ཚོང་འབྲེལ་གི་ཐོ་ཡིག་ ལག་ལེན་འཐབ་དགོཔ་སྦེ་ཡོད་རུང་ ཤེས་ཡོན་མེད་པའི་ཚོང་པ་ཚུ་གིས་ ཐོ་དེབ་བཞག་མི་ཤེས་ནི་དེ་གིས་ དཀའ་ངལ་ཚུ་འདུག་ཟེར་ཞུ་ཡི།
གྲོས་འདེབས་ཕུལ་མི་ལུ་ གཞུང་གི་ངོས་ལེན་མཛད་པ་ཅིན་ འཆར་གཞི་༡༡ པ་ འགོ་བཙུགསཔ་ད་ ཁྲལ་དང་འབྲེལ་བའི་དོན་ཚན་ཚུ་ བསྒྱུར་བཅོས་ཐོག་ ལག་ལེན་འཐབ་ཚུགས་པའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ། 
བསམ་གཏན་ཡེ་ཤེས།

No comments:

Post a Comment