གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་འབྲུག་གི་འགན་འཛིན་དཔྱད་ཡིག་ སྤྱི་ལོ་༢༠༡༡ ཅན་མ་གུ་ གསུང་གྲོས་གནང་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༨ རེས་གཟའ་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ འབྲུག་གི་འགན་འཛིན་དཔྱད་ཡིག་༢༠༡༡ ཅན་མ་གུ་ གྲོས་བསྡུར་གནངམ་ད་ ལཱ་དང་བྱ་བ་ག་ཅི་རང་འབད་རུང་ འགན་འཛིན་བཟོ་བའི་ནམ་དུས་ལུ་ ཕན་ཚུན་གཅིག་གིས་གཅིག་ལུ་  བྱ་སྟབས་མ་བདེ་བའི་ དཀའ་ངལ་བསལ་ཐབས་ལུ་དམིགས་ཏེ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་ལས་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཀུན་ལེགས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ བཟོ་སྐྲུན་གྱི་ལཱ་དང་ གཞན་ལཱ་བྱ་ག་ཅི་ར་འཐབ་རུང་ རྩ་ཕན་གཉིས་ཀྱི་བར་ནའི་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་འབྱུང་ནི་ལས་བཀག་ནི་དང་ འགན་འཛིན་ནང་བཟོ་ཡོད་དོ་བཟུམ་སྦེ་ར་ གྲུབ་ཚུགས་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཞུ་ཡི།


ཚོགས་ཆུང་ཁྲི་འཛིན་གྱིས་ རྩ་ཕན་༢ འགན་འཛིན་བཟོ་ནིའི་དོན་ལུ་ ཁྲིམས་འདུན་ལུ་ བཅར་མ་དགོ་མི་ལུ་བརྟེན་ ཕན་པ་ཡོད་པའི་ཁར་ དུས་ཡུན་ཆུང་ཀུ་ཅིག་ནང་ གན་རྒྱ་ཚུ་བཟོ་ཚུགས་ནི་དང་ གན་རྒྱ་དང་འགན་འཛིན་དེ་ཡང་ སྐྱེས་ལོ་༡༨ ཡན་ཆད་འབད་མི་མ་གཏོགས་ བཟོ་མི་ཆོགཔ་ལས་ འགན་འཛིན་བཟོ་བའི་སྐབས་སུ་ རྩ་ཕན་ཚུ་ དབྱེ་ཞིབ་ལེགས་ཤོམ་འབད་དེ་ བཟོ་དགོཔ་གལ་ཆེ་ཟེར་ཞུ་ཡི།
དཔེ་འབད་བ་ཅིན་ རྩ་ཕན་ཚུ་གི་ རང་སོའི་རང་མོས་དང་ རྣམ་དག་་ཐོག་ལས་ བཟོ་སྐྲུན་གྱི་ལཱ་དང་ ཚོང་ལཱ་འབད་ནི་ཨིན་རུང་ གནས་ཡུན་བཀག་ཐོག་ལས་ དངུལ་སྤྲོད་ལེན་འབད་བའི་སྐོར་ འགན་འཛིན་བཟོ་ནི་ཨིནམ་ད་ འགན་འཛིན་བཟོ་བའི་སྐབས་ལུ་ མི་ངོ་དེ་ ལོ་ན་སྨིན་པ་དང་ དྲན་ཤེས་བརྟན་པོར་ཡོད་པ་ དེ་ལས་ འབྲུག་ལུ་ ཁྱབ་དབང་ཡོད་པའི་ ཁྲིམས་གང་རུང་ཅིག་གི་ ནང་གསལ་ལྟར་ འགན་འཛིན་ནང་ གྲལ་གཏོགས་འབད་ནིའི་ཁྱད་ཚད་ལས་ མ་འགལ་བ་གཅིག་ཡོད་པ་ཅིན་ གན་ཡིག་བཟོ་བྱིན་མི་གིས་ བཟོ་བྱིན་དགོ་ནི་ཨིན་པས།
འགན་འཛིན་བཟོ་བའི་སྐབས་ ཁྱད་ཆོས་ཚང་དགོཔ་ཚུ་ཡང་ རྩ་ཕན་ཚུ་ ལྕོགས་གྲུབ་ཡོད་མེད་བརྟག་ཞིབ་འབད་དེ་ བཟོ་བྱིན་དགོ་པའི་ཁར་ གལ་སྲིད་ འགན་འཛིན་དེ་ བཟོ་བའི་མཐའ་མ་ བྱ་སྟབས་མ་བདེ་བའི་དཀའ་ངལ་རེ་འབྱུང་པ་ཅིན་ བཟོ་བྱིན་མི་ལུ་ ཉེས་ཁྲིམས་ཚུ་ཡང་ ཕོག་ནིའི་ཉེན་ཁ་ཡོདཔ་ཨིན་པས།
ལཱ་གཡོག་དང་ ཚོང་ལས་ དངུལ་ལེན་ཡོད་པའི་མི་ངོ་ལུ་ བར་རྐྱེན་རེ་འབྱུང་པ་ཅིན་ འགན་འཛིན་ནང་ གནས་ཡུན་བཀག་སྟེ་བཟོ་ཡོད་རུང་ མི་ངོ་དེ་གིས་ དངུལ་ཚབ་ ཡང་ཅིན་ བཟོ་སྐྲུན་གྱི་ལཱ་བསྒྲུབ་མ་ཚུགསཔ་ ཡང་ན་ ཚོང་ལཱ་ལེགས་ཤོམ་འགྱོ་མ་བཏུབ་འདྲཝ་འབད་བ་ཅིན་ སྐྱིན་འགྲུལ་ལེན་ཡོད་མི་ཚུ་ སྤྲོད་ཐབས་མེད་པའི་ བྱ་བ་ཐུག་སོ་མི་ཚུ་གི་དོན་ལུ་ ཁྲིམས་ལུགས་ནང་ དགོངས་ཡངས་དང་ རྒུད་འཐུས་སྤྲོད་ཆོག་དང་ མ་ཆོག་པའི་སྐོར་ ལས་ གྲོས་བསྡུར་ཚུ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ འབྲུག་གི་འགན་འཛིན་དཔྱད་ཡིག་༢༠༡༡ ཅན་མ་གི་ མཐའན་མཇུག་གི་གསུང་གྲོས་དེ་ སྤྱི་ཟླ་༧ པའི་ཚེས་༢ ལུ་ གནང་ནི་ཨིནམ་ལས་ ཁྲིམས་བཟོ་ཚོགས་ཆུང་གིས་ ལེགས་བཅོས་དང་ བསྒྱུར་བཅོས་འབད་དགོཔ་ཡོད་མི་ཚུ་ ཞིབ་དཔྱད་མཐིལ་ཕྱིན་འབད་དེ་ སྙན་ཞུ་ཕུལ་དགོ་པའི་སྐོར་ལས་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment