གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༨/༢/༢༠༡༣   གོ་གནས་ཐོག་ལུ་ བཙག་འཐུའི་བྱ་རིམ་ནང་ ལོག་འབྲེལ་གཏོགས་འབད་ནིའི་འོས་འབབ།
༉ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ མཐའན་མཇུག་གི་ ཚོགས་ཐེངས་དེ་ སྤྱི་ཟླ་༢ པའི་ཚེས་༦ ལུ་ མི་དབང་ཡབ་སྲས་རྣམ་༢ ལུ་ གུས་བཏུད་དང་ ལས་སྡེ་ཡོངས་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཐོག་ལས་ མཇུག་བསྡུཝ་དང་གཅིག་ཁར་ འཐུས་མི་ཚུ་གིས་ ཤུལ་མའི་བཙག་འཐུའི་ནང་ ནན་བསྐྱར་དུ་ དོ་འགྲན་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།

སྐྱབས་རྗེ་མཆོག་གིས་ རྟ་ལོག་བཤད་གྲྭའི་ གྲྭ་ཤག་རབ་གནས་གནང་ཡོདཔ།

༢༨/༢/༢༠༡༣   ༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ རྟ་ལོག་གསང་སྔགས་ཆོས་གླིང་བཤད་གྲྭའི་ གྲྭ་ཤག་གསར་བསྒྲུབས་འབད་མི་དེ་ལུ་ བཀྲིས་རབ་གནས་གནང་ཡི།
གསར་བསྒྲུབས་འབད་མི་ གྲྭ་ཤག་བསྡོམས་༥ ཡོད་མི་ཚུ་ནང་ དགེ་སློང་༡༠༠ ལྷགཔ་ཅིག་ ཤོང་ཚུགས་ནི་ཨིན་པས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གྲྭ་ཤག་གསར་བསྒྲུབས་འབད་མི་ལུ་ རབ་གནས་གནང་པའི་བསྒང་།

འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༨/༢/༢༠༡༣   ༉ ཚོགས་ཐེངས་༨ པ་ལས་ འགོ་བཙུགས་ཏེ་ སྤྱི་ཚོགས་ནང་ གསུང་གྲོས་ཚུ་ རྒྱས་པར་གནང་པའི་ཤུལ་ལུ་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ཀྱི་ཐོག་ལས་སྦེ་ འབྲུག་གི་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༢ ཅན་མ་དེ་ འབྲུག་གི་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མ་སྦེ་ ཆ་འཇོག་གྲུབ་གནང་ཡི།

སི་ཀིམ་སྡེ་ཚན་གྱིས་ འབྲུག་པའི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༢༨/༢/༢༠༡༣   ༉ རྒྱ་གར་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་འགོ་ཁྲིདཔ་བགྲེསཔ་ བའེ་ཅུང་བུ་ཊི་ཡ་གིས་ སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་དང་གཅིག་ཁར་ ད་རིས་ འབྲུག་རྒྱལ་ཁབ་ནང་ ལྷོད་ནི་ཨིནམ་བཞིན་དུ་ འབྲུག་རྒྱལ་ཡོངས་ཀྱི་ ཕུཊ་བཱོལ་སྡེ་ཚན་ཚུ་དང་ མཐུན་འབྲེལ་གྱི་རྩེད་འགྲན་འབད་ནི་ཨིན་པས།
བའེ་ཅུང་བུ་ཊི་ཡ།

རྒྱ་གར་གྱིས་ ལས་འགུལ་གྱི་ཁ་སྐོང་མ་དངུལ་བྱིན་ནི་ གཏན་འཁེལ།

༢༨/༢/༢༠༡༣   ༉ རྒྱ་གར་གཞུང་གིས་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ ཁ་སྐོང་མ་དངུལ་བྱིན་ནི་ཨིན་མི་དེ་ གཏན་འཁེལ་སོང་ཡོདཔ་ལས་ ལས་འགུལ་གྱི་དོན་ལུ་ ཁག་འབག་གི་ལཱ་འབད་མི་ཚུ་ འདས་པའི་ཟླ་ངོ་དག་པ་ཅིག་གི་རིང་ མ་དངུལ་མེད་པའི་དཀའ་ངལ་ཐོན་མི་དེ་ བསལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཇོ་མོ་གཙང་ཁའི་ཁྲོམ་གསརཔ་ འཆར་གཞི་ཤུལ་མའི་ནང་ གོང་འཕེལ་གཏང་ནི།

༢༨/༢/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཞབས་ཏོག་ལྷན་ཁག་གི་ འགོ་དཔོན་ཚུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ (ཌའི་ཕམ) ལུ་ ལྷོད་ཡོད་མི་དང་བསྟུན་ ས་གནས་ཀྱི་ མི་སེར་ཚུ་ ད་ཚུན་གྱི་བར་ན་ ཡུན་རིངམོ་སྦེ་ བསྒུགས་སྡོད་མི་ ཁོང་གི་ཁྲོམ་དེ་ འཕྲལ་མགྱོགས་ར་ གོང་འཕེལ་གཏང་ནི་མས་ཟེར་བའི་ རེ་བ་བསྐྱར་གསོ་འབད་ཡོདཔ་ཨིན་པས།
ད་ལྟོ་ཡོད་མི་ ཇོ་མོ་གཙང་ཁའི་ཁྲོམ་གྱི་མཐོང་སྣང་།

རྒཔོ་བརྡུང་རྫོབ་འབད་མི་ བུཚ་གཞན་འཛིན་བཟུང་འབད་ཡོདཔ།

༢༨/༢/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ དགེ་ལེགས་ཕུག་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཅིག་ལུ་ བརྡུང་རྫོབ་འབད་དེ་ བྱོག་སོང་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༢ པའི་ཚེས་༢༥ འི་ཕྱི་རུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

མདའ་རྩེད་ལུ་བརྟེན་ མི་མང་གི་ ཉེན་སྲུང་ལུ་གནོད་ཉེན།

༢༨/༢/༢༠༡༣   ༉ ད་རེས་ནངས་པ་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ རྩེད་འགྲན་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་ མདའ་རྩེདཔ་མང་སུ་ཐོནམ་བཞིན་དུ་ དེ་དང་བསྟུན་པའི་ མི་མང་ལུ་ ཉེན་སྲུང་གི་ དཀའ་ངལ་ཡང་ ཐོན་དོ་ཡོདཔ་ཨིན་པས།
ཚོགས་པ་འཆི་མེད་ཚེ་རིང་དེ་ ཐིམ་ཕུའི་ཁྲོམ་དཔོན་ལུ་ སྙན་ཞུ་འབད་ནིའི་དོན་ལུ་ སྒོ་ཁར་

གོ་གནས་གུ་ཡོད་མི་༡ གིས་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་གི་དང་འདོད།

༢༨/༢/༢༠༡༣   དེ་མ་ཚད་ ད་ཚུན་གྱི་བར་ན་ བཀྲིས་སྒང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ རེ་འདོད་ཅན་གྱི་ འདེམས་ངོ་ཐོན་མི་ དང་པ་ཨིན་མས།
༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་གཉིས་པའི་ནང་ དོ་འགྲན་འབད་ནི་གི་ རེ་བ་བསྐྱེད་མི་ འདེམས་ངོ་གཅིག་གཉིས་ཤུལ་སྦེ་ ཐོན་དང་འཐོན་བཞིན་དུ་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ བཀྲིས་སྒང་རྫོང་ཁག་ནང་ལས་ འདེམས་ངོ་ཕུད་རྡོག་གཅིག་ཡང་ མ་ཐོན་པར་ཡོདཔ་ཨིན་པས།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ།

དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་ནང་ གནམ་གྲུ་ཐེངས་༢ པ་ཆགས་ཡོདཔ།

༢༨/༢/༢༠༡༣   ༉ ཁ་ཙ་ དགེ་ལེགས་ཕུག་ ནང་འཁོད་གནམ་ཐང་ནང་ འབྲུག་པའི་གནམ་གྲུ་ ཀེ་བི་༡༠༡ ཆགས་མི་དེ་ འདས་པའི་ལོ་མཇུག་བསྡུ་ཁམས་ལུ་ཆགས་མི་ འགོ་འབྱེད་སྐབས་ཀྱི་ གནམ་གྲུའི་ཤུལ་ལས་ ཐེངས་༢ པ་ཨིན་པས།

ལཱ་གཡོག་འཚོལ་མི་ ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་མང་ཤོས་ར་ སྒེར་སྡེ་ཚུ་གིས་བྱིན་དོ་ཡོདཔ།

༢༨/༢/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ ལཱ་གཡོག་བརྡ་དོན་ལམ་སྟོན་དཔེ་དེབ་ གསར་བཏོན་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སློབ་རིམ་༡༠ པ་དང་༡༢ པའི་ན་གཞོན་ ལཱ་གཡོག་འཚོལ་མི་ཚུ་ལུ་ སྦྱོང་བརྡར་གྱི་ གོ་སྐབས་མང་ཤོས་ར་ སྒེར་སྡེ་ཚུ་གིས་ བྱིནམ་མས་ཟེར་ འཁོད་དེ་ཡོདཔ་ཨིན་པས།
བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ ལམ་སྟོན་དཔེ་དེབ་ གསར་བཏོན་འབད་བའི་བསྒང་།

དགེ་ལེགས་ཕུག་གི་ ནང་འཁོད་གནམ་ཐང་རྒྱ་བསྐྱེད་འབད་ནི།

དགེ་ལེགས་ཕུག་ནང་འཁོད་གནམ་ཐང་ནང་ གནམ་གྲུ་ཆགས་པའི་བསྒང་།
༢༧/༠༢/༢༠༡༣   ༉ ཤུལ་མའི་གོང་འཕེལ་གོ་རིམ་ནང་ ཨེ་ཡར་བཱསི་ཨེ་༣༡༩ འབད་མི་ འབྲུག་གི་གནམ་གྲུ་སྦོམ་ཤོས་ཆགས་ནི་དང་ འཕུར་ཚུགས་ནིའི་དོན་ལུ་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་དེ་ རྒྱ་བསྐྱེད་འབད་ནི་ཟེར་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས
ད་རེས་ནངས་པ་ དབང་འཛིན་འགོ་དཔོན་ཚུ་གིས་ གནམ་གྲུ་བཞག་ས་དང་ གླ་འཁོར་གྱི་ལམ་ ཉེན་སྲུང་གི་ ར་བ་རྐྱབ་ནི་ལ་སོགས་པའི་ ནང་འཁོད་འཕུར་འགྲུལ་ལག་ལེན་ཚུ་ལུ་མཁོ་བའི་ གཞི་རྟེན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
གཞི་རྟེན་གྱི་ ལཱ་དེ་ཚུ་ ཤུལ་མའི་ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།


རྩི་ནག་ལོག་བཏང་རུང་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ལུ་གྱུར་ཡོདཔ།

༢༧/༠༢/༢༠༡༣    ༉ བསམ་རྩེ་ཁྲོམ་གྱི་ འཁོར་ལམ་ཧོ་ཀ་ལེ་ཤ་ཐོན་ཏེ་ ཐབས་སྐྱོ་དྲག་ལུ་གྱུར་ཡོད་མི་དེ་ཡང་ ཁྲོམ་ཁར་སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཁོར་ལམ་གུ་ལུ་ རྩི་ནག་ཧེང་བཀལ་བཏང་པའི་ཤུལ་ལས་ ཧོ་ཀ་འཐོན་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ད་རེས་ནངས་པ་ སྣུམ་འཁོར་བཏང་སྟེ་ བསམ་རྩེ་ཁྲོམ་བདའ་འགྱོ་བའི་སྐབས་ ཆུ་འཁྱིལ་སྡོད་མིའི་ཧོ་ཀ་ཚུ་ མཐོང་དོ་ཡོད་པའི་ཁར་ གནམ་བྱཱར་འཐོན་རན་དོ་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཚ་གྱང་ཐེབས་ཅིག་ར་ ཕོག་དོ་ཡོདཔ་ཨིན་པས།

བཀའ་དྲིན་དགའ་ཚོར་ཞུ་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ མཇུག་གི་ཚོགས་ཐེངས་༡༠ པ་མཇུག་བསྡུ་ཡོདཔ།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ འཐུས་མི་ཚུ་གིས་ ཚོགས་ཐེངས་མཇུག་བསྡུའི་ བཀྲིས་སྨོན་ལམ་བཏང་པའི་བསྒང་།
༉ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེ་གིས་ ལོ་༥ འི་གནས་ཡུན་ མཇུག་གི་ཚོགས་ཐེངས་༡༠ པ་ མཇུག་བསྡུ་གནང་ཡི།

འབྲུག་གི་ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༢༧/༠༢/༢༠༡༣   ༉  རྒྱལ་ཡོངས་ཚོགས་འདུ་ནང་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་༨༥ འབད་མི་ འབྲུག་གི་ལམ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༡༣ ཅན་མའི་གུ་ བསྐྱར་ཞིབ་གྲོས་བསྡུར་འབད་རུང་ དོན་ཚན་༨༥ འི་ནང་ལས་༡༥ ངོས་ལེན་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན།

ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེ་ གཞི་བཙུགས་ཀྱི་མཐུན་གྲོས་ ཆ་འཇོག་གྲུབ་ཡོདཔ།

༢༧/༠༢/༢༠༡༣   ༉ འབྲུག་གིས་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེའི་ འཐུས་མི་༡༨༠ གི་གྲངས་སུ་ འཛུལ་ཞུགས་འབདཝ་དང་འབྲེལ་ ཆིངས་ཡིག་གི་དོན་ཚན་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་གནང་ཡི།

ལཱ་གཡོག་གི་གོ་སྐབས་ ཡོངས་འབྲེལ་ཐོག་ལས་ ཐོབ་ཚུགས་ནི།

༢༧/༠༢/༢༠༡༣   ༉ ལས་གཡོག་ལྷན་ཁག་གིས་ སྤྱི་ཟླ་༢ པའི་ཚེས་༢༥ ལུ་ སློབ་རིམ་༡༠ པ་དང་༡༢ པ མཐར་འཁྱོལ་མི་ཚུ་གི་དོན་ལུ་ ལམ་སྟོན་དཔེ་དེབ་ཅིག་ གསར་བཏོན་འབད་ཡོདཔ་མ་ཚད་ ད་ལས་ཕར་ ལཱ་གཡོག་གི་གོ་སྐབས་ཚུ་ གློག་རིག་ཡོངས་འབྲེལ་གྱི་ཐོག་ལས་ ལེན་བཏུབ་སྦེ་ བཟོ་ཡོདཔ་ཨིན་པས།

ཞིང་ལམ་གྱིས་ ལ་ཡཔ་ཚུ་ལུ་ ཕན་ཁྱད་འབྱུང་ནི།

ལ་ཡཔ་ཚུ་ མགར་ས་རྫོང་གི་ ཉེ་འདབས་ལུ་ སྒར་བཅགས་སྡོད་པའི་བསྒང་།
༢༧/༠༢/༢༠༡༣   ༉ ད་ལས་ཕར་ ལོ་༣ དེ་ཅིག་གི་རྒྱབ་ལས་ ས་ཁ་མཐོ་ས་གཞིས་ཆགས་སྡོད་མི་ ལ་ཡའི་མི་སེར་ཚུ་གིས་ གནམ་དགུན་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་ དེ་ལས་ ཁ་སྨད་གཡུས་ཚན་ཚུ་ནང་ གནས་སྐབས་ཀྱི་སྒར་བཅགས་ སྡོད་མི་དགོཔ་འབྱུང་ནི་ཨིན་མི་དེ་ཡང་ གཡུས་ཚན་གྱི་དོན་ལུ་ སོ་ནམ་ཞིང་ལམ་སེལ་བའི་བསྒང་ཡོད་མི་དེ་ ལོ་༢ དང་༣གྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ནི་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་དོན་ལུ་ ཁྲིམས་ཤིང་རྐང་པ་རའི་ འདེམས་ངོ་།

བསོད་ནམས་དཔལ་འབྱོར།
༢༧/༠༢/༢༠༡༣    ༉ སློབ་སྟོན་དང་ ཚོང་འབྲེལ་གྱི་ཉམས་མྱོང་ཡོད་མི་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་དཔལ་འབྱོར་གྱིས་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་རྐང་པ་རའི་ འདེམས་ཁོངས་ཀྱི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནི་ལུ་ ཐག་བཅད་ཡོདཔ་ཨིན་པས།

རྒྱལ་ཁབ་ཀྱི་ བསྐྱིན་འགྲུལ་མང་ཤོས་ གློག་མེ་ལས་འགུལ་གྱི་དོན་ལུ་ ཨིན་པའི་གསལ་ཞུ།

 ༢༧/༠༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ཀྱི་ལས་རིམ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་ཀྱི་ བུ་ལོན་གྱི་གནས་སྟངས་དང་ གློག་མེ་འཕྲུལ་ཁང་ཚུ་ལུ་བརྟེན་པའི་ བུ་ལོན་ཚུ་གི་སྐོར་ལས་ དྲི་བ་བཀོད་ཅི།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་དང་ དེ་ལུ་ ཐབས་ལམ་གྱི་དོན་ལུ་ དུས་ཐུང་བསྐྱིན་འགྲུལ་ཚུ་ ག་དེ་ཅིག་ལེན་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བ་ཞུ་ཡི།


རྩོམ་སྒྲིག་པའི་སྣང་འཆར།

༢༦/༢/༢༠༡༣   ས་འོག་ལས་ དུང་ལམ་བཏོན་ནིའི་ཚབ་ ཐབས་ལམ་གཞན་མེདཔ་ཨིན་ན?
 ༉ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་མཚམས་བརྒྱུད་དེ་ ས་སྣུམ་གྱི་རིགས་ཚུ་ འབྲུག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ ས་འོག་ལས་ དུང་ལམ་བཏོན་ནིའི་ འཆར་གཞི་དང་ དམིགས་གཏད་བསྐྱེད་མི་ལུ་ལྟཝ་ད་ ནན་ཞིབ་ཧྲིལ་པོར་འབད་དགོཔ་བཟུམ་ཅིག་ མཐོངམ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ནང་སྲིད་བློན་པོ་གི་ མཐའ་བསྡོམས་སྙན་གསན།

༢༦/༢/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གི་ མཐའ་བསྡོམས་དྲི་ལན་སྙན་གསན་དེ་ ཁ་ཙ་ མཛད་གནང་ཡོདཔ་ད་ དེ་བསྒང་ རྩོད་ཟླ་དང་ རྩོད་རྩ་༢ ཀྱིས་ གནད་དོན་གསརཔ་ཅིག་ ག་ཅི་ཡང་ ཞུ་ནི་མེད་རུང་ ཧེ་མའི་གནད་དོན་ཚུ་ ནན་བསྐྱར་དུ་ ཞུ་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ འགོར་སོ་ཡི།
ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་ མོང་སྒར་ཁྲིམས་འདུན་ལས་ ཐོན་པའི་བསྒང་།པར་ ཀུན་གསལ་གྱི་པར་མཛོད་ནང་ལས།

རུ་པིའི་དཀའ་ངལ་ཐོན་མི་ཚུ་ འགན་འཁྲི་ཅན་ཚུ་གི་ འཐུས་ཤོར་ཨིནམ།

༢༦/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལེགས་ལྡན་ཚོགས་ཆུང་གིས་ རྒྱ་གར་གྱི་ཏི་རུ་ རུ་པིའི་བསྐྱར་ཞིབ་སྙན་ཞུ་ཕུལ་བའི་སྐབས་ལུ་ འཐུས་མི་ཚུ་གིས་ རུ་པིའི་དཀའ་ངལ་བྱུང་མིའི་ འགན་འཁྲི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་ལུ་ བཀལ་དགོ་པའི་ གྲོས་འཆམ་བྱུང་ཡི།

འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ ཁ་རྗེའི་གསོལ་རས་ཚུ་ གསལ་སྟོན་འབད་ཡོདཔ།

༢༦/༢/༢༠༡༣   ༉ ཁ་ཙ་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ སྤྱི་ཟླ་༢ པའི་ཚེས་༢༡ ཚུན་ བི་མོ་བཱ་ཡེལ་ ལག་ལེན་འཐབ་མིའི་ ཨང་གྲངས་ཚུ་ ཏམ་བུ་ལ་ ལག་ལེན་འཐབ་ཐོག་ལས་ ཁ་རྗེའི་གསོལ་རས་ གསལ་སྟོན་འབད་བའི་སྐབས་ རྒྱལ་ཁ་ཐོབ་མི་ ཨང་གྲངས་ཚུ་ལུ་ གསོལ་རས་འབོར་ཆེ་ཏོག་ཏོ་སྦེ་ བྱིན་ནི་ཨིན་པས།
ཁ་རྗེའི་འགྲུལ་འཕྲིན་ཨང་ བཏོན་པའི་བསྒང་།

འདེམས་ངོ་༣ པ་གིས་ཡང་ ས་མཚམས་སྲུང་སྐྱོབ་ལུ་ གཙོ་རིམ་བཟུང་ནི།

༢༦/༢/༢༠༡༣   ༉ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ས་མཚམས་སྲུང་སྐྱོབ་གནད་དོན་ལས་ དམིགས་བསལ་དུ་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་མི་སེར་ བཙན་ཁྲིད་འབད་བའི་དཀའ་ངལ་ཚུ་ བསལ་ནིའི་ཡུན་ཐུབ་ཀྱི་ ཐབས་ལམ་གཏོན་ནི་ལུ་ དཱན་ཀུ་མར་བཱསི་ནེཊ་གིས་ གཙོ་རིམ་བཟུང་ནི་ཨིན་པས།
དཱན་ཀུ་མར་ བཱསི་ནེཊ།

དུས་སྟོན་བརྩི་སྲུང་ནང་ ལྟདམོ་ལྟ་མིའི་གྱངས་ཁ་མར་བབས།

༢༦/༢/༢༠༡༣   ༉ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ནང་ ལ་ཁ་ལས་ཕར་སྡོད་མི་ འབྱོགཔ་ཚུ་གི་དོན་ལུ་ ལོ་བསྟར་གྱི་དུས་སྟོན་བརྩི་སྲུང་ཚུ་ནང་ ལྟ་བཤལཔ་ལས་འགོ་བཟུང་ ལྟདམོ་ལྟ་བར་འོང་མིའི་གྱངས་ཁ་དེ་ མར་བབས་སོང་ཡོདཔ་ཨིན་རུང་ གླིང་ཀ་དང་ ལ་ཁ་སྡོད་མི་འབྱོགཔ་ཚུ་གིས་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ཁག་ཆེ་ཧིང་དང་ གདོང་ལེན་ཚུ་ ག་ཅི་བཟུམ་ར་འབད་དགོཔ་ཨིན་ནའི་སྐོར་ལས་ ཧ་གོ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

གྱོང་རྒུད་ཕོག་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་གནས་སྤོ་འགྱོ་ནིའི་འཆར་གཞི།

༢༦/༢/༢༠༡༣   ༉ གཞལམ་སྒང་ལུ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཅིག་གིས་ གྲོང་གསེབ་སློབ་ཕྲུག་ཚུ་གི་དོན་ལུ་ སྒེར་གྱི་སློབ་གྲྭ་ཅིག་ གཞི་བཙུགས་འབད་དེ་ ལོ་༥ ལང་བའི་ཤུལ་ལུ་ གཞལམ་སྒང་ལུ་ སྒེར་གྱི་སློབ་གྲྭའི་འོས་འབབ་མིན་འདུག་ཟེར་སླབ་སྟེ་ དུས་ཅིག་སླབ་གྲྭ་འགོ་བཙུགས་པའི་དུས་ཚོད་ཁར་ སློབ་གྲྭའི་འཛིན་སྐྱོང་གིས་ དགེ་ལེགས་ཕུག་ལུ་ གནས་སྤོ་ནི་ཨིན་པས།
དགེ་ལེགས་ཕུག་ལུ་ སློབ་གྲྭ་སྤོ་སོར་འབད་ནི་གི་དོན་ལུ་ སློབ་གྲྭ་བཟོ་སྐྲུན་འབད་བའི་བསྒང་།

ལ་ཡའི་མི་སེར་ཚུ་ ས་དམའ་ས་ལས་ ལོག་འགྱོ་མ་ཚུགས་པར་ཡོདཔ།

༉ ཨ་རྟག་འབད་བ་ཅིན་ ད་རིས་བཟུམ་མའི་ དུས་ཚོད་ནང་ ལ་ཡའི་མི་སེར་ཚུ་ གནམ་དགུན་གྱི་ གནས་སྤོ་ས་གནས་ སྤུ་ན་ཁ་དང་ མགར་ས་རྫོང་གི་རྩ་བར་ སྒར་བཅགས་ཏེ་ སྡོད་མི་ལས་ ལོག་ཁོང་རའི་གཡུས་ཁར་ ལྷོད་ནི་ཡོདཔ་ཨིན་རུང་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ ཁཝ་ཤུགས་སྦེ་ རྐྱབ་པའི་སྐབས་ ལ་ཡ་འགྱོ་སའི་ ལམ་བཀག་མི་ལུ་བརྟེན་ ཤུལ་མའི་ཟླཝ་ནང་རྐྱངམ་གཅིག་ ལོག་འགྱོ་ཚུགས་ནི་ཨིན་པས།
ལོག་གཡུས་ཁ་འགྱོ་མ་ཚུགས་པར་ སྒར་བཅགས་སྡོད་མི་ལ་ཡཔ་ཚུ།

མགྲོན་འབྲེལ་གན་འཛིན་ཆིངས་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༦/༢/༢༠༡༣   ༉ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའེ་གིས་ འགུལ་ཅན་མཁོ་ཆས་་དང་འབྲེལ་བའི་ རྒྱལ་སྤྱིའི་མཐུན་གྲོས་ནང་ བཅའ་མར་གཏོགས་དགོ་པའི་ཁུངས་དེ་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ འབྲུག་རྒྱལ་ཁབ་བཟུམ་ནང་ གནམ་གྲུ་ལག་ལེན་འཐབ་ད་ རྒྱལ་ཁབ་ནང་ མ་དངུལ་ལངམ་མེད་པ་ཅིན་ རྒྱལ་སྤྱིའི་རྒྱབ་སྐྱོར་ཐོག་ལས་ མཁོ་སྒྲུབ་འབད་ཚུགས་པའི་ འོས་འབབ་ཡོད་ཟེར་ ཁ་ཙ་ ཚོགས་དམངས་ལུ་ཞུ་ཡི།

བསམ་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༤ པ་ཐོན་ཡོདཔ།

༢༦/༢/༢༠༡༣   ༉ བསམ་རྩེ་རྫོང་ཁག་ལས་ སྐྱེས་ལོ་༤༣ འབད་མི་ གཱ་ནེཤི་ གི་མི་རེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་དོན་ལུ་ དོ་འགྲན་འབད་ནི་ཨིནམ་བཞིན་དུ་ གཱ་ནེཤི་དེ་ རྫོང་ཁག་ནང་ལས་ འཐུས་མི་༤ པ་ཨིན་པས།
གཱ་ནེཤི་ གི་མི་རེ།

འབྲུག་པའི་སློབ་ཕྲུག་བུམོ་ཅིག་ ས་མཚམས་ཀྱི་ཕྱི་ཁར་ ཁྱིད་སོང་ཡོདཔ།

༢༦/༢/༢༠༡༣   ཕམ་ཚུ་ཚ་གྱང་ལང་སྟེ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ རྒྱབ་སྐྱོར་ལེན་ཡོད་རུང་ ངོས་ལེན་མེདཔ་ཨིན་པས།
༉ དགེ་ལེགས་ཕུག་ཁྲོམ་ཁར་སྡོད་མི་ བུམོ་སྐྱེས་ལོ་༡༦ ལང་མི་ཅིག་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཨ་སམ་དཱད་ག་རི་ལུ་ དགའ་མཐུན་གྱི་ འབྲེལ་བ་ཡོད་མི་ མེ་ཅི་ཕོ་སྐྱེས་ཅིག་གིས་ ཁྱིད་སོང་སྟེ་ བདུན་ཕྲག་ལྷག་སོ་རུང་ ལོག་འོང་ནི་མེད་པར་ མོ་གི་ཕམ་སྤུན་ཆ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

རྩོམ་སྒྲིག་པའི་སྣང་འཆར།

༢༥/༢/༢༠༡༣   དགའཝ་མ་དགའཝ་བསྐྱེད་ནི་དང་ ཆགས་སྡང་ཕྱོགས་རིས་ཕྱེ་དགོཔ་མེདཔ།
༉ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ སོར་བསྒྱུར་ནང་ཞུགས་ཏེ་ ད་རིས་འབདཝ་ད་ ཧ་ལམ་ལོ་༥ ལང་ཡོདཔ་ལས་ དམངས་གཙོ་ཟེར་མི་དེ་ ག་ཅི་བཟུམ་ཨིན་ན་ མི་སེར་མང་ཤོས་ཅིག་གིས་ དུམ་གྲ་རེ་ ཧ་གོ་ཡོད་པའི་ མཐོང་སྣང་བྱུངམ་ཨིན་མས།

མེ་རག་དང་ སག་སྟེང་གི་ མི་སེར་ཚུ་ལུ་ འཁོར་ལམ་གྱིས་ཕན་ཁྱད།

༢༥/༢/༢༠༡༣   དེ་འབདཝ་ད་ ར་སྡི་དང་ ཕོངས་མེད་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ ཚོང་འབྲེལ་མར་བབས།
༉ སྤྱི་ལོ་༢༠༡༡ ལས་ བཀྲིས་སྒང་གི་ བྱང་ཕྱོགས་མཐའ་ཟུར་ས་གནས་ མེ་རག་དང་ སག་སྟེང་རྒེད་འོག་གཉིས་ནང་ འཁོར་ལམ་སེལ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ར་ལྡི་དང་ ཕོངས་མེད་རྒེད་འོག་ མཁར་དུང་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ ཚོང་འབྲེལ་མར་འབབ་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་པས།
ད་རེས་ནངས་པ་ འབྱོགཔ་ཚུ་ ཕོངས་མེད་ལུ་ མ་འགྱོ་བར་ བྱོན་མཁར་གྱི་ས་གནས་ ཡོང་བཱ་ཟོར་ལུ་ ལམ་གྱི་ཟུར་ཁར་ཡོད་མི་ ཚོང་ཁང་ཅིག་ནང་ལས་ ཉོ་ཚོང་རྐྱབ་སྟེ་ སག་སྟེང་ལུ་ ལོག་འགྱོ་བའི་བསྒང་།

རེས་གཟའ་ཕུར་བུ་ལས་ སྤྱི་ཚོགས་ལྷན་བཞུགས་འགོ་བཙུགས་ནི།

༢༥/༢/༢༠༡༣   འབྲུག་གི་སྤྱི་ཚོགས་འཐུས་མིའི་ ཐོབ་ཐངས་བཅའ་ཁྲིམས་ ད་རིས་ཀྱི་ ཚོགས་ཐེངས་ནང་ བསྒྱུར་བཅོས་རྐྱབ་ནི་གི་ འོས་འབབ་མེདཔ།
༉ སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་འདི་ ད་ལྟོ་ འཚོགས་གནང་པའི་བསྒང་ཡོདཔ་བཞིན་དུ་ ད་རིས་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མ་དང་ ནངས་པ་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་༢༠༡༢ ཅན་མའི་གུ་ གྲོས་བསྡུར་ཡང་བསྐྱར་གནང་ཐོག་ལས་ ཆ་འཇོག་འགྲུབ་ནི་ཨིན་པས།

ཚལ་ལུ་ཤིང་ ཤི་མི་ལུ་བརྟེན་ མི་སེར་ཚུ་གི་ འོང་འབབ་མར་བབས།

༢༥/༢/༢༠༡༣   མི་སེར་ཚུ་གིས་འབད་བ་ཅིན་ འབུབ་སྨན་ཚུ་ ནད་འབུབ་བསད་ནི་གི་ ནུས་པ་མིན་འདུག་ཟེར་ཨིན་མས།
༉ བསམ་རྩེ་རྫོང་ཁག་ གདན་ཅུ་ཁ་རྒེད་འོག་གི་ མི་སེར་ཚུ་ ཁོང་རའི་ས་གོ་ནང་ ཞིང་ལམ་སེལ་བའི་བསྒང་ཡོད་མི་ལུ་ སྤྲོ་སྣང་སྦོམ་ བྱུང་སྟེ་ཡོདཔ་ཨིན་རུང་ འདས་པའི་ལོ་༤ གི་ནང་འཁོད་ལུ་ དངུལ་ཐོག་ཚལ་ལུའི་ཐོན་སྐྱེད་ མར་བབས་སོང་མི་ལུ་ལྟ་སྟེ་ མི་སེར་ཚུ་ སེམས་ཕམ་ཡོདཔ་ཨིན་པས།
ནད་འབུབ་ཟུན་ཏེ་ སྐམ་སོང་མི་ ཚལ་ལུ་ཤིང་།

གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་ལམ་ འཆར་གཞི་༡༠ པའི་ནང་ བསལ་མི་ཚུགས་ནི།

༢༥/༢/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཧཱ་གསང་སྦས་ཁ་དང་ དགའ་སྐྱིད་གླིང་བར་ནའི་ སྣུམ་འཁོར་ལམ་དེ་ འཆར་གཞི་༡༠ པའི་ནང་ར་ བསལ་གནང་དགོཔ་སྦེ་ ཞུ་བ་འབད་མི་ལུ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ འཆར་གཞི་༡༡ པའི་ ལོ་ངོ་དང་པ་དང་༢ པའི་ནང་ མཇུག་བསྡུ་ཚུགསཔ་འོང་ཟེར་ཞུ་ཡི།

འཕྲལ་འཕྲལ་སྦེ་ར་ ཁང་གླ་ཡར་སེང་འབད་མི་ལུ་ དབུགས་འགམ་བྱུང་དོ་ཡོདཔ།

༢༥/༢/༢༠༡༣   ༉ དབང་འདུས་བ་འཇོ་ཁྲོམ་ནང་ ཁང་གླར་སྡོད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ ལོ་༡ དང་༢ ཀྱི་ ནང་འཁོད་ལུ་ར་ ལས་འགུལ་གྱི་ སྡོད་ཁྱིམ་ཚུ་ནང་ སྤོ་བཤུད་འབད་བའི་བསྒང་ལས་ ད་ལྟོའི་ སྒྲིང་ཁྱིམ་ཇོ་བདག་ཚུ་གི་ འོང་འབབ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ བརྡ་བརྒྱུད་ནང་ གནས་ཚུལ་བཀོད་བའི་ཤུལ་ལུ་ ཇོ་བདག་ལ་ལུ་ཅིག་གིས་ ཁང་གླ་ཡར་སེང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བ་འཇོ་ཁྲོམ།

གསར་སྤང་རྫོང་ཁག་གི་དོན་ལུ་ ད་རུང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཅིག་ཐོན་ཡོདཔ།

༢༥/༢/༢༠༡༣   ༉ གསར་སྤང་རྫོང་ཁག་ ཆུ་འཛོམས་རྒེད་འོག་ ལྷ་ཡུལ་གཡུས་ཚན་ལས་ སྐྱེས་ལོ་༢༧ འབད་མི རང་གུ་པ་ཏི་ སུ་བེ་རི་གིས་ རྒྱལ་ཡོངས་ཚེགས་སྡེའི་དོན་ལུ་ རྫོང་ཁག་གི་ འདེམས་ངོ་གཉིས་པ་སྦེ་ ཐོན་ཡོདཔ་ཨིན་པས།
རང་གུ་པ་ཏི་ སུ་བེ་རི།

རྡོ་གཞོང་དགོན་པའི་དུར་ཁྲོད་ ལེགས་བཅོས་འབད་དོ་ཡོདཔ།

༢༥/༢/༢༠༡༣   ༉ ད་ཚུན་གྱི་རིང་ ཀྲོང་གསར་དང་ བུམ་ཐང་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་གིས་ རྡོ་གཞོང་དགོན་པ་ལུ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཡོད་པའི་ དུར་ཁྲོད་ནང་ རོ་མེ་བཏང་སར་མཐོངམ་དེ་ འཇིགས་སྣང་ལང་མི་དེ་ ད་ལས་ཕར་ མི་ལང་ནི་ཨིན་པས།
ལེགས་བཅོས་འབད་བའི་བསྒང་ཡོད་མི་ རྡོ་གཞོང་དགོན་པའི་དུར་ཁྲོད།

གྱི་གསོབ་ཡོད་མི་ ཨམ་སྲུ་ཅིག་ སྨན་བཅོས་འབད་བའི་བསྒང་ཡོདཔ།

༢༥/༢/༢༠༡༣   ༉ ཐིམ་ཕུ་ དཀར་སྦིས་ས་ལས་ཨིན་མི་ ཨམ་སྲུ་ཅིག་ལུ་ ཨ་རོགས་དགའ་རོགས་ཀྱིས་ སྤུ་ན་ཁ་ལུ་སྦེ་ སྤྱི་ཟླ་༢ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ གྱི་གསོབ་ཡོདཔ་ལས་ ད་རེས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།

ཡིད་འཛིན་སྡེ་ཚན་གྱིས་༢༠༡༢ ཀྱི་རྒྱལ་ཡོངས་ཀོ་ཀ་ཀོ་ལ་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་ཡོདཔ།

༢༥/༢/༢༠༡༣   ༉ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ འགོ་དང་པ་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་རྩེད་འགྲན་ ནང་ལས་ ཡིད་འཛིན་སྡེ་ཚན་གྱིས་རྩེད་འགྲན་དྲག་ཤོས་ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༤ ཐོབ་ཅི། 
རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ ཡིད་འཛིན་སྡེ་ཚན།

མི་མང་གི་བསམ་འཆར།

༢༣/༢/༢༠༡༣   རྒྱལ་ཁབ་ཀྱི་དོན་ལས་ རང་སྲོག་བློས་བཏང་མི་ཚུ་ལུ་ངོས་འཛིན།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ དྲག་ཁག་གསུམ་གྱི་ དམག་མི་དང་ བདེ་སྲུངཔ་ ཞི་བའི་མི་སེར་འབདཝ་ད་ མི་གྲངས་༢༣༩ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལས་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞབས་ཏོག་ཞུ་བའི་ ངོས་འཛིན་གྱི་ གཟེངས་བསྟོད་རྟགས་མ་གནང་མི་དེ་ མིག་དཔེ་ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ནི།

རྒྱལ་ཁབ་ནང་ འབྲོང་གྱིམ་ཙེའི་གྱངས་ཁ་ ཉམས་མེད་གནས་བཞིན་ཡོདཔ།

༢༣/༢/༢༠༡༣   ༉ ལོ་ངོ་༡༢ ཀྱི་ཧེ་མ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཀྱི་སེམས་ཅན་ འབྲོང་གྱིམ་ཙེའི་གནས་ཚད་དེ་ འགྱུར་བ་མེད་པའི་བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་ཡང་ མགར་ས་རྫོང་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༡ ལུ་ འབྲོང་གྱིམ་ཙེའི་གྱངས་ཁ་༡༤༦ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༢ ལུ་༡༦༤ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྦིས་གཤོང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་གིས་ འབྲོང་གྱིམ་ཙེའི་ བྱུང་ཚུལ་གྱི་སྐོར་ལས་ མི་མང་ལུ་འཁྲབ་སྟོན་ཅིག་ སྟོན་པའི་བསྒང་།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་ དོ་དམ་ཁང་ནང་བཞག་ཡོདཔ།

༢༣/༢/༢༠༡༣   དེ་ཡང་ ལོ་ན་མ་སྨིན་པའི་གཡོགམོ་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ ཁ་ཉེས་ཕོག་མི་ལུ་བརྟེན་ཨིན་མས།
༉ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ ཁོ་རའི་ཁྱིམ་ནང་ གཡོག་ལཱ་འབད་མི་ བུམོ་སྐྱེས་ལོ་༡༦ ལང་མི་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་བཀལ་མི་ལུ་བརྟེན་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ འགོ་དཔོན་དེ་ སྤྱི་ཟླ་༢ པའི་ཚེས་༡༩ ལས་ཚུར་ དམག་མིའི་དོ་དམ་ཁང་ནང་ བཞག་ཡོདཔ་ཨིན་པས།

འབྲུག་གི་རིན་པོ་ཆེ་ཅིག་ལུ་ ཨར་མི་ཌ་ལི་གི་ མི་ཁུངས་ལག་ཁྱེར་ཕུལ་ཡོདཔ།

༢༣/༢/༢༠༡༣   ༉ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ གསོལཝ་བཏབ་བཞིན་དུ་ ཆོས་དོན་གཟིགས་སྐོར་གནངམ་དང་འབྲེལ་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ ཨར་མི་ཌ་ལི་ཁྲོམ་སྡེའི་ ནིའུ་ཨིང་ལེནཌི་གཙུག་ལག་སློབ་སྡེའི་ནང་ འབྲུག་གི་སློབ་ཕྲུག་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་སར་ སྐུ་མགྲོན་སྦེ་ བྱོན་གནང་ནུག།
གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་དང་ ཨར་མི་ཌ་ལི་ཁྲོམ་སྡེའི་སྤྱི་ཁྱབ་ ཌོག་ཊར་ ཇིམ་ མ་ཧིར་དང་

གནས་ཚུལ་མདོར་བསྡུས།

༢༣/༢/༢༠༡༣
སྤ་རོ་ ནཱ་རྒྱ་རྒེད་འོག་ནང་ ནགས་ཚལ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ ཚུལ་མིན་ཤིང་ཆས་ཚུ།


སྤྱིར་དབང་ཚོགས་པ་ལུ་ འདེམས་ངོ་༧ གྱི་ ངོ་སྤྲོད་འབད་ཚར་ཡོདཔ།

༢༣/༢/༢༠༡༣   འདེམས་ངོ་༣༢ དེ་ཅིག་ གཏན་འཁེལ་འགྱོ་མི་ཚུ་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་འོང་ཟེར་ཨིན་མས།
༉ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ད་རུང་ ཚོགས་པའི་འདེམས་ངོ་ཅིག་ གསལ་བསྒྲགས་འབད་མི་དང་བསྟུན་ ད་ཚུན་གྱི་བར་ན་ འདེམས་ངོ་༧ གྱི་ ངོ་སྤྲོད་འབད་ཚར་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་༣༢ དེ་ཅིག་ གཏན་འཁེལ་སོང་ཡོདཔ་ལས་ ཁོང་གི་མིང་ཚུ་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།

བཙན་སྐྱོགས་རྡོ་རྗེ།

གཞུང་ལམ་གཡས་གཡོན་ལས་ ཕིཊ་༣༠ ནང་འཁོད་ལུ་ ཁྱིམ་རྐྱབ་ཆོག་པའི་ཆ་འཇོག།

༢༣/༢/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུ་ལས་ འཕྲི་སྣོན་མཛད་མི་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མའི་ དོན་ཚན་༡༤༧ གུ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ད་རུང་ འཕྲི་སྣོན་མཛད་དེ་ ཁྱིམ་ཚུ་ གཞུང་ལམ་སྦུག་ཐིག་ལས་ ཕིཊ་༣༠ བཞག་དགོཔ་སྦེ་ ཆ་འཇོག་འབད་ཡི།

གནས་ཚུལ་མདོར་བསྡུས།

༢༣/༢/༢༠༡༣
ཐིམ་ཕུ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་༡༠ བདུན་ཕྲག་གཉིས་ཀྱི་རིང་ ཇ་པཱན་ལུ་ ལམ་སྲོལ་བརྗེ་སོར་ལྟ་སྐོར་ལས་རིམ་ནང་ སོང་ཡོདཔ་ལས་ ནངས་པ་ལོག་འོང་ནི་ཨིནམ་ད་ ལམ་སྲོལ་ལྟ་སྐོར་གྱི་སྐབས་ལུ་ སློབ་ཕྲུག་ཚུ་གིས་ ཇ་པཱན་གྱི་ བང་རྔ་བརྡུང་ཐངས་དང་ མེ་ཏོག་སྒྲིག་ཐངས་ གྱོན་ཆས་ཀི་མོ་ནོ་གྱོན་ཐངས་ལ་སོགས་པ་ཚུ་ ལྷབ་དོ་ཡོདཔ་ཨིན་པའི་གནས་ཚུལ།


སྤྱི་ཟླ་༣ པའི་སྔ་ཆ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གི་བྱ་རིམ་ཚུ་ འགོ་བཙུགས་ནིའི་འོས་འབབ།

༢༣/༢/༢༠༡༣   ༉ སྤྱི་ཟླ་༣ པའི་སྔ་ཆ་ལས་ འགོ་བཙུགས་ནི་གི་འོས་འབབ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ ད་ཚུན་གྱི་བར་ན་ དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་༥༠ དེ་ཅིག་གིས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་གསལ་བཀོད་འབད་ཡོདཔ་ཨིན་པས།

མཁའ་འགྲོ་དབང་ཕྱུག་གིས་ ཧཱ་ས་དམར་རྒེད་འོག་ལས་ དོ་འགྲན་འབད་ནི།

༢༣/༢/༢༠༡༣   ༉ སྐྱེས་ལོ་༣༢ ལང་མི་ མཁའ་འགྲོ་དབང་ཕྱུག་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཕམ་སྤུན་ཆ་དང་ཆ་རོགས་ དེ་ལས་ ས་གནས་ཀྱི་ མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་འཐོན་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཟླཝ་༡ གི་ཧེ་མ་ལས་ དོ་འགྲན་འབད་ནི་སྦེ་ བློ་ཐག་བཅད་ཡོདཔ་ཨིན་པས།
མཁའ་འགྲོ་དབང་ཕྱུག།

སྐྱེས་སྟོབས་རིག་འཚོལ་ནང་ལས་ བྲོ་ཡབ་བུཚ་ཅིག་གིས་ ཨང་དང་པ་ཐོན་ཡོདཔ།

༢༣/༢/༢༠༡༣   ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ སྐྱེས་སྟོབས་རིག་འཚོལ་ཐེངས་༢ པ་མཇུག་བསྡུ་ཡོདཔ་ཨིན་རུང་ འགོ་འདྲེན་འཐབ་མི་ མི་ལ་སྟོབས་རྒྱལ་ལུ་ གྱོང་རྒུད་ དངུལ་ཀྲམ་འབུམ་༡༧ ལྷགཔ་ཅིག་ཕོག་ཡོདཔ་སྦེ་སླབ་ཨིན་པས།
ཨང་དང་པ་ རིན་ཆེན་བྲོ་ཡ།
ཨང་གཉིས་པ་ ཚེ་རིང་དབང་མོ།

འབྲུག་མཉམ་རུབ་ཚོགས་པའི་ གཏན་འཁེལ་འདེམས་ངོ་༢༤ ལུ་ལྷོད་ཡོདཔ།

༢༣/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༢ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་གཞན་༨ གཏན་འཁེལ་སོང་བའི་ གསལ་བསྒྲགས་འབད་ཡོདཔ་ལས་ ད་ཚུན་གྱི་བར་ན་ འདེམས་ངོའི་གྱངས་ཁ་༢༤ ལུ་ ལྷོད་ཡོདཔ་ཨིན་པས།

རྩོམ་སྒྲིག་པའི་སྣང་འཆར།

འཕྲུལ་རིག་གོང་འཕེལ་མ་འགྱོ་བའི་ རྟགས་མཚན་ཨིན་ན? ༉ འབྲུག་འདི་ དེང་སང་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ཞུགས་མི་ རྒྱལ་ཁབ་ཕྱིས་ཤོས་ཅིག་ཨིན་རུང་ དུས་ཡུན་ལོ་ངོ་བཅུ་ཕྲག་༤ དེ་ཅིག་གི་ ནང་འཁོད་ལུ་ མི་སྡེ་དཔལ་འབྱོར་དང་ འཕྲུལ་རིག་ཡར་རྒྱས་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་མི་ལུ་ ཧ་ལས་དགོཔ་ཅིག་ཨིན་མས།

མི་དབང་མཆོག་གིས་ ལྷ་ཁང་དང་ སྨན་ཁང་ཚུ་ནང་ཆིབས་བསྐྱོད།

༢༢/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༣ བཞེས་པའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭའི་ནང་ ཆིབས་བསྐྱོད་གནང་སྟེ་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་འཕྲོ་མཐུད་དེ་ར་ འབྱུང་ཐབས་ལུ་ སྙན་དར་ཕུལ་ཐོག་ལས་ ཐུགས་སྨོན་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ནདཔ་ཨ་ལུ་ཅིག་དང་ ཞལ་འདྲིས་གནང་པའི་བསྒང་།

རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་བའི་ གཟེངས་བསྟོད་རྟགས་མ།

༢༢/༢/༢༠༡༣ ༉ ཁ་ཙ་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་དྲག་ཁག་གསུམ་གྱི་དམག་སྡེ་ བསྟན་སྲུང་དང་ ཁྲིམས་སྲུང་ སྐུ་སྲུང་དམག་མི་ དེ་ལས་ བདེ་སྲུངཔ་དང་ ཞི་བའི་མི་སེར་འབདཝ་ད་ མི་གྲངས་༢༣༩ ལུ་ སྙིང་སྟོབས་ཐོག་ལས་ ཕྱག་ཕྱིད་ཞབས་ཏོག་ཞུ་བའི་ ངོས་འཛིན་རྟགས་མ་གནང་ཡི།
མི་དབང་མངའ་ཞབས་མཆོག་གིས་ གཟེངས་བསྟོད་རྟགས་མ་ཐོབ་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་མཆོག་ལུ་ གུས་བཏུད།

༢༢/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༣ བཞེས་པའི་ འཁྲུངས་སྐར་དུས་ཆེན་འདི་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བརྩི་སྲུང་ཞུ་ཡོདཔ་བཞིན་དུ་ རྒྱལ་ས་ལྟེ་བ་ལུ་ ཐིམ་ཕུ་ཁྲོམ་སྡེའི་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་གུས་ དུས་སྟོན་བརྩི་སྲུང་ཞུ་ཡི།
ཐིམ་ཕུའི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ རུ་སྒྲིག་ཐོག་ལས་ བློན་ཆེན་མཆོག་ལུ་ སྟི་སྭ་ཞུ་བའི་བསྒང་།

རྒཔོ་དྲང་མི་བུཚ་ཅིག་ འཛིན་བཟུང་འབད་ཡོདཔ།

༢༢/༢/༢༠༡༣   ༉ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ མི་སྡེ་འགོ་ཁྲིདཔ་ཅིག་ལུ་ བརྡུང་རྫོབ་འབད་མི་ སྐྱེས་ལོ་༢༣ ལང་མི་ སློབ་གྲྭ་ནང་ལས་ཐོན་སྡོད་མི་བུཚུ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ ད་རུང་ ཆ་རོགས་གཞན་མི་ཅིག་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

ཨིན་ཊར་ནེཊ་བེང་ཀིང་ཐོག་ ཏི་རུ་བྱང་སྟོར་ཤོར་བའི་རྩོད་དོན་དེ་ མངོན་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༢༢/༢/༢༠༡༣   ༉ འབྲུག་གི་དངུལ་ཁང་ནང་ལས་ གློག་རིག་ཡོངས་འབྲེལ་རྒྱུད་ལམ་གྱི་ དངུལ་འབྲེལ་ཞབས་ཏོག་མཐུན་རྐྱེན་ ཨིན་ཊར་ནེཊ་བེང་ཀིང་ ལམ་ལུགས་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་བའི་རྩོད་དོན་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཨམ་སྲུ་ཅིག་ བསྣད་ཞིནམ་ལས་ བྱོག་སོང་མི་ དེད་གཡོགཔ་འཚོལ་ཞིབ།

༢༢/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ མོང་སྒར་ཀུར་རི་ཟམ་པ་ལུ་ སྣུམ་འཁོར་ཆུང་བ་ཅིག་གིས་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་བསྣད་དེ་ བྱོག་ཡར་སོ་མི་ དེད་གཡོགཔ་དང་ སྣུམ་འཁོར་དེ་ རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་གིས་ ད་ལྟོའི་བར་ན་ཡང་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

སྣུམ་འཁོར་ཊི་པར་ཊཱག་ཅིག་ལས་ འཁོར་ལོ་ཆ་༡ ཨར་རྐུན་འབད་ཡོདཔ།

༢༢/༢/༢༠༡༣   ༉ མོང་སྒར་གྱི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ སྣུམ་འཁོར་ཊཱག་ཅིག་ འཕྱོག་བཟུང་འབད་ཡོད་མིའི་ ཇོ་བདག་དང་ དེད་གཡོགཔ་དེ་ འཚོལ་བའི་བསྒང་ཡོདཔ་ད་ ཊཱག་དེ་ ད་ལྟོའི་བར་ན་ཡང་ མོང་སྒར་ཁྲིམས་སྲུང་འགག་པ་གིས་ བདག་འཛིན་འོག་ལུ་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་ནིའི་དོན་ལུ་ འཕྱོག་བཟུང་འབད་མི་ སྣུམ་འཁོར་ཊཱག།

གནས་ཚུལ་མདོར་བསྡུས།

༢༢/༢/༢༠༡༣
ཐིམ་ཕུ་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་སྦེ་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༣༠ ལྷགཔ་ཅིག་གིས་ ཉིན་གྲངས་༩ གི་རིང་ སྒྲོལ་མ་འབུམ་བསག་ནི་ཨིན་མི་དེ་ ཁ་ཙ་ ཞབས་དྲུང་སྐུ་འཁྲུངས་པའི་ ཉིནམ་དང་འབྲེལ་ཏེ་ འགོ་བཙུགས་ཡོད་པའི་གནས་ཚུལ།

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཨམ་སྲུ་འདེམས་ངོ་ འགོ་དང་པ་ཐོན་ཡོདཔ།

༢༢/༢/༢༠༡༣   ༉ ད་ལྟོ་ཚུན་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ དང་འདོད་གསལ་བཀོད་འབད་མི་ ཕོ་སྐྱེས་ལེ་ཤ་ཅིག་ ཐོན་ཡོདཔ་ཨིན་རུང་ ཐིམ་ཕུ་ ལྕང་རྒེད་འོག་ལས་ ཨམ་སྲུ་ཅིག་གིས་ དང་འདོད་གསལ་བཀོད་འབད་མི་དེ་ འགོ་དང་པ་ཨིན་པས།
ཉི་མ་རྒྱལ་མཚན།
ཨོ་རྒྱན་སྒྲོལ་མ།

རྒྱལ་པོའི་གཟིམ་དཔོན་གསརཔ།

༢༢/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་གཟིམ་དཔོན་གསརཔ་ ཨོྱན་ཀེ་རྣམ་རྒྱལ་ལུ་ ལེགས་དར་གནང་ཡི།
གཟིམ་དཔོན་ཨྱོན་རྣམ་རྒྱལ།

ཤེས་རིག་བརྒྱ་འཁོར་དུས་སྟོན་བརྩི་སྲུང་ ཧཱ་ལུ་སྦེ་ མཇུག་བསྡུ་ཡོདཔ།

༢༢/༢/༢༠༡༣   ༉ ཁ་ཙ་ ཧཱ་ལུ་ གོང་གཟིམ་ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ཐེངས་༣༣ པ་ བརྩི་སྲུང་ཞུཝ་དང་འབྲེལ་ དམིགས་བསལ་དུ་ རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་ འགོ་བཙུགས་ཏེ་ མི་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།
ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ འགྲེམས་སྟོན་ཁང་ནང་ གཟིགས་ཞིབ་གནང་པའི་བསྒང་།

འབྲུག་གིས་ རྒྱལ་སྤྱིའི་སྤྱི་ཚོགས་ནང་ འཐུས་མི་སྦེ་འཛུལ་ཞུགས་འབད་ནི།

༢༢/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་པའི་སྐབས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་སྤྱིའི་སྤྱི་ཚོགས་མཐུན་ཚོགས་ནང་ འཛུལ་ཞུགས་འབད་ནི་ལུ་ གྲོས་ཐག་བཅད་གནང་ཡི།

མི་དབང་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུ་ནི།

༢༡/༢/༢༠༡༣  ༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༣ བཞེས་པའི་ འཁྲུངས་སྐར་དུས་ཆེན་འདི་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བརྩི་སྲུང་ཞུ་ནི་ཨིན་པས།
ཐིམ་ཕུ་ལུ་ དུས་ཆེན་དེ་ ལྕང་གླིང་མི་ཐང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཐོག་ལས་ མི་མང་དང་གཅིག་ཁར་ བརྩི་སྲུང་ཞུ་ནི་ཨིན་པས།
མི་དབང་མཆོག་གི་ འཁྲུངས་སྐར་དུས་ཆེན་དེ་ ཉིན་གྲངས་༣ གྱི་རིང་ བརྩི་སྲུང་ཞུ་ནིའི་དོན་ལུ་ གཞུང་གི་ཡིག་ཚང་དང་ ལས་ཁང་ སློབ་གྲྭ་ཚུ་ག་ར་ སྒོ་བསྡམ་བཞག་ནི་ཨིན་པའི་གནས་ཚུལ།

གནས་ཚུལ་མདོར་བསྡུས།

༢༡/༢/༢༠༡༣
འབྲུག་རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་འགོ་བཙུགས་ཏེ་ མི་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་ ལོ་ངོ་༡ གི་རིང་ འབད་མི་དེ་ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ ཧཱ་ལུ་ གོང་གཟིམ་ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ བརྩི་སྲུང་ཞུ་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།

དམངས་རྩིས་ཚོགས་ཆུང་གི་ གྲུབ་འབྲས་ལུ་ངལ་རངས།

༢༡/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༠ ཚུན་གྱི་ རྩིས་ཞིབ་སྙན་ཞུ་ཕུལ་བའི་སྐབས་ གྲུབ་འབྲས་ཚུ་ ལེགས་ཐོན་བྱུང་ཡོད་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ འཐུས་མི་ཚུ་གིས་ ཚོགས་ཆུང་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི།

གཞུང་གིས་ ལྡོག་ཕྱོགས་འཐུས་མི་ཚུ་གི་ འདེམས་ཁོངས་ཚུ་ནང་ རྒྱབ་སྐྱོར་གནང་དགོཔ།

 ༢༡/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་གྱི་ དྲི་བ་༢ པམ་དེ་ ཧཱ་གསང་སྦས་ཁའི་ འཁོར་ལམ་གྱི་སྐོར་ལས་བཀོད་པའི་སྐབས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱི་བར་ན་ རྩོད་བསྡུར་དམ་དམ་འབད་ཡི།

རྩོམ་སྒྲིག་པའི་སྣང་འཆར།

༢༡/༢/༢༠༡༣   གོ་གནས་ཐོག་ལུ་ བཙག་འཐུའི་དོ་འགྲན་འབད་ཆོག་ནི་ཨིན་ན?

༉ འབྲུག་རྒྱལ་ཁབ་ཀྱི་ སྤྱི་ཚོགས་གཉིས་པའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ འཛུལ་ཞུགས་འབད་ནི་གི་ སྤྲོ་བ་བསྐྱེད་མི་ མང་སུ་ཐོན་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ འདེམས་ངོ་ཚུ་ ཚོགས་སྡེའི་སྡོད་ཁྲི་ལས་ ལོག་ལྟབ་ལྷགཔ་ཅིག་ཐོན་ནུག།
བརྡ་བརྒྱུད་ནང་ གནས་ཚུལ་གསལ་བཀོད་འབད་མི་དང་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་ཚུ་གི་དོན་ལུ་ དོ་འགྲན་འབད་ནི་དང་འབྲེལ་བའི་ བཙག་འཐུའི་ཁྲིམས་ཡིག་དང་ བྱ་སྒོའི་ལམ་ལུགས་ཚུ་གི་སྐོར་ལས་ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ སྤུངས་འཛོམས་འབད་མི་ལུ་ལྟཝ་ད་ ཚོགས་སྡེའི་འདེམས་ངོ་གསརཔ་༥༠ ལྷགཔ་ཅིག་འདུག།
དེ་ཡང་ ད་ལྟོ་གོ་གནས་གུ་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་ མ་རྩིས་བར་ཨིནམ་ད་ འཐུས་མི་མང་ཤོས་ཅིག་གིས་ར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་མས།
དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་དང་པའི་ འཐུས་མི་ཚུ་གི་དོན་ལུ་ མཐའན་མཇུག་ཨིན་མི་ ཚོགས་ཐེངས་༡༠ པ་དབུ་འཛུགས་གནངམ་ད་ གསལ་བསྒྲགས་ཅིག་ གནང་འོང་ཟེར་ ཚོགས་སྡེའི་འཐུས་མི་ཚུ་དང་ འདེམས་ངོ་གསརཔ་ཐོན་མི་ཚུ་ རེ་བ་སྦོམ་བསྐྱེད་དེ་ བསྒུག་སྡོད་ནུག།
ག་འཆརཔ་ཟེར་བ་ཅིན་ ད་ལྟོ་ གོ་གནས་གུ་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་ ཁོང་རའི་གནས་ཡུན་ལོ་༥ མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ ཐོབ་འོང་ག་ཟེར་ དོགས་སེལ་གནང་ནི་གི་ རེ་བ་བསྐྱེད་ཡོདཔ་ད་ འདེམས་ངོ་གསརཔ་ཐོན་མི་ཚུ་གིས་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུའི་ནང་ ནན་བསྐྱར་བཅའ་མར་གཏོགས་ཆོག་མི་ཆོག་གི་ ཤེས་འདོད་བསྐྱེད་མི་དེ་ཡང་ གོ་གནས་ཁར་ཡོད་མི་ཚུ་ ལོག་བཅའ་མར་གཏོགས་མ་ཆོག་པ་ཅིན་ འདེམས་ངོ་གསརཔ་ཚུ་ བཙག་འཐུ་འགྲུབ་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་མས།
འདི་འབདཝ་ད་ བསྐྱར་ཞིབ་ཚོགས་ཁང་གི་ འཐུས་མི་ཚུ་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ཆོག་མི་ཆོག་གི་ ཁྲིམས་ཡིག་ཁ་གསལ་མེད་པའི་ཁར་ ཆེ་མཐོ་ཁྲིམས་འདུན་ལས་ ཁྲིམས་ཀྱི་གོ་དོན་འགྲེལ་བཤད་གནང་དགོ་པའི་ ཞུ་བ་ཕུལ་ནི་གི་ ཁྲིམས་དོན་རྒྱབ་ཁུངས་མེད་མི་ལུ་བརྟེན་ འགྲེལ་བཤད་རྐྱབ་ཐབས་མེདཔ་ཨིན་མས།
ཁྲིམས་ཀྱི་གོ་དོན་དགོ་པ་ཅིན་ གོ་གནས་གུ་ཡོད་མི་ ཚོགས་སྡེའི་འཐུས་མི་ཅིག་དང་ ཡང་ཅིན་ མི་སེར་གང་རུང་ཅིག་གིས་ ཆེ་མཐོ་དང་ ཡང་ཅིན་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་གཞི་སྦེ་བཙུགས་ཆོག་ནི་ཨིན་རུང་ གནད་དོན་དེ་ སྤྱིར་བཏང་མི་མང་དང་ ཡང་ཅིན་ རྒྱལ་ཡོངས་ལུ་ ཕན་ཁྱད་ཡོདཔ་དགོ་ཟེར་ ཁྲིམས་དོན་མཁས་མཆོག་ཚུ་གིས་ སླབ་ཨིན་མས།
འདི་བཟུམ་མའི་ཁྲིམས་ ཡང་ཅིན་ དོན་ཁུངས་ཀྱི་ དོགས་གཞི་ཅིག་གི་ གནས་ལུགས་དང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ འབྲུག་རྒྱལ་པོ་མཆོག་གིས་ དེ་ལུགས་ཀྱི་ དོགས་གཞི་གཟིགས་ཞིབ་དོན་ལུ་ མངོན་མཐོ་ཁྲིམས་འདུན་གནང་ཆོགཔ་དང་ ཁྲིམས་འདུན་དེ་གིས་ བཀའ་ལུང་དེ་ སྙན་གསལ་འགྲུབ་ཞིནམ་ལས་ འབྲུག་རྒྱལ་པོ་མཆོག་ལུ་ བསམ་འཆར་ཕུལ་ན་མ་གཏོགས་ ཐབས་ལམ་གཞན་མེདཔ་ཨིན།
ཨིན་རུང་ ད་ལྟོ་ མགུ་འཐོམ་པའི་ གདན་དོན་ཅིག་ལུ་ གྱུར་ཡོད་མི་དེ་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་མཇུག་བསྡུ་བའི་སྐབས་ དོགས་སེལ་གནང་པའི་ རེ་བ་བསྐྱེདཔ་ཨིན་མས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ རང་གི་ལོ་ལྔའི་གནས་ཡུན་ཧྲིལ་པོར་ཚང་དགོཔ་ལས་ གོ་གནས་ཐོག་ལུ་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ཆོག་མི་ཆོག་གི་ དོགས་སེལ་གནང་དགོཔ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

རྒྱལ་སྲས་ ཨ་ལི་བཱིན་ ཧཱ་སཱན་གྱིས་ ཕུཊ་བཱོལ་གཞི་རྟེན་སྦྱོང་བརྡར་ འགོ་འབྱེད་འབད་ཡོདཔ།

༢༡/༢/༢༠༡༣   ༉ རྒྱལ་ཁབ་ནང་ མ་འོངས་པར་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ ཕུཊ་བཱོལ་རྩེ་ཐོག་ལས་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགས་པའི་ཁར་ ཕུཊ་བཱོལ་ལུ་བརྟེན་ ཁོང་རའི་ མི་ཚེ་ནང་ ལཱ་གཡོག་གི་གོ་སྐབས་ འཐོབ་ཚུགས་ཐབས་ལུ་ ཨེ་ཤི་ཡཱན་ ཕུཊ་བཱོལ་གོང་འཕེལ་ཚོགས་སྡེ་གིས་ གཞི་རྟེན་ལས་རིམ་གྱི་དོན་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།
ན་གཞོན་ཚུ་ ཕུཊ་བཱོལ་སྦྱོང་བརྡར་འབད་བའི་བསྒང་།

རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་རུང་ ཚོགས་སྡེ་ནང་ཕུལ་ནི།

༢༡/༢/༢༠༡༣   ༉ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མ་ལུ་ འདས་པའི་ཉིན་གྲངས་༢ ཀྱི་རིང་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་རྒྱས་པར་གནང་ཐོག་ལས་ ཁ་ཙ་ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་༢༠༡༣ ཅན་མ་སྦེ་ ཆ་འཇོག་གནང་ཡི།
ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་བསྡོམས་༣༧ ག་ར་གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཅི


རྒྱལ་པོའི་ཞིང་གི་འཁྲུན་ཆོད་ ཟླཝ་འདི་ནང་ བཏོན་ནི་བཟུམ་ཡོདཔ།

༢༡/༢/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ སྙན་གསན་གྱི་རིམ་པ་ཚུ་ ཧ་ལམ་འབད་ཚར་ཡོདཔ་ལས་ འཁྲུན་ཆོད་དེ་ཡང་ ད་རིས་ཀྱི་ཟླཝ་ནང་ བཏོན་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

སྤྱོད་ངན་འབད་མི་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ།

༢༡/༢/༢༠༡༣   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༦ ལང་མི་ དམ་ཆོས་རིན་ཆེན་གྱིས་ ཁོ་རའི་ གནས་ཚང་ལུ་ གནོད་སེམས་གྱི་ སྤྱོད་ངན་འབད་མི་ལུ་ བཙོན་ཁྲིམས་ཟླཝ་༢ དང་ རྒུད་འཐུས་ཚུ་ བཏབ་དགོ་པའི་ འཁྲུན་ཆོད་གནང་ནུག།

ནང་འཁོད་གནམ་གྲུའི་ གླ་ཆ་མར་ཕབ་རྐྱབ་ཡོདཔ།

༢༡/༢/༢༠༡༣   འབྲུག་གནམ་གྲུ་གིས་ སྤ་རོ་ལས་ བཀྲིས་སྒང་ལུ་ བདུན་ཕྲག་ཅིག་ནང་ཚར་རེ་ འཕུར་འགྲུལ་འབདཝ་མ་ཚད་ སྤྱི་ཟླ་༣ པ་ལས་ བུམ་ཐང་ལུ་ འཕུར་འགྲུལ་འགོ་བཙུགས་ནི་ཨིན་པས།
༉ འབྲུག་ནང་འཁོད་ཀྱི་ འཕུར་འགྲུལ་ཞབས་ཏོག་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ འབྲུག་གི་གནམ་གྲུ་ལས་འཛིན་གྱིས་ འབྲུག་མི་ཚུ་གི་ནང་འཁོད་གནམ་གྲུའི་གླ་ཆ་རྒྱ་སྦོམ་སྦེ་ར་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
བུམ་ཐང་ལུ་ཆགས་མི་ ནང་འཁོད་གནམ་གྲུ།

བསམ་རྩེ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༣ པ་ཐོན་ཡོདཔ།

༢༡/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༩ ལུ་ དགོངས་ཞུའི་ཡི་གུ་ལུ་ ངོས་ལེན་འབད་མི་དང་བསྟུན་ སྤ་རོ་བེ་ཏི་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་བགྲེསཔ་གིས་ བསམ་རྩེ་རྫོང་ཁག་ བསམ་རྩེ་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
བི་ཀེ་དགའ་ལེགས་

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་༡༦ གཏན་འཁེལ་སོང་ཡོདཔ།

༢༠/༠༢/༢༠༡༣  ༉ ཁ་ཙ་ཉིན་མར་ འབྲུག་མཉམ་རུབ་ཚོགས་པ་ ཌི་ཨེན་ཊི་གིས་ ད་རུང་ ཚོགས་པའི་འདེམས་ངོ་༨ ཀྱི་ གསལ་བསྒྲགས་འབད་མི་དང་བསྟུན་ འདེམས་ངོའི་གྱངས་ཁ་བསྡོམས་༡༦ ལུ་ ལྷོད་ཡོདཔ་ཨིན་པས།
རྫོང་ཁག་༢༠ ལས་ ཐོ་བཀོད་ཅན་གྱི་ འཐུས་མི་༡༣༥ ཡོདཔ་བཞིན་དུ་ འདེམས་ངོ་༤༠ ཡོད་མི་ལས་༧ ཨམ་སྲུ་ཨིནམ་སྦེ་ ཚོགས་པ་གིས་ བཤདཔ་ཨིན་པས།
ཌི་ཨིན་ཊི་གིས་ འདེམས་ངོ་༨ ཀྱི་ ངོ་སྤྲོད་འབདཝ་ད་གཅིག་ཁར་ ཚོགས་པའི་ཡོངས་འབྲེལ་འཆར་སྒོ་ཡང་ གཞི་བཙུགས་འབད་ནུག།


རྡོ་རྗེ་ཆོས་སྒྲོན།
འབྲུག་གི་བཟོ་རིག་འགོ་དཔོན་ ཨམ་སྲུ་དང་པ་ སྐྱེས་ལོ་༥༢ ལང་མི་ རྡོ་རྗེ་ཆོས་སྒྲོན་གྱིས་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་–རྐང་པ་ར་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་པས།
མོ་གིས་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པའི་ བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་ད་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་པ་ཅིན་ མོ་ བློན་ཆེན་གྱི་ གོ་གནས་འཐོབ་ནིའི་དོན་ལུ་ འོས་འབབ་ཆེ་ཤོས་ཅིག་ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་ རྒྱ་གར་ལས་ ཞི་བའི་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ མི་མང་ཞབས་ཏོག་ལས་ཁུངས་ནང་ བཟོ་རིག་འགོ་དཔོན་ལས་རོགས་སྦེ་ འཛུལ་ཞིནམ་ལས་ཚུར་ འདས་པའི་ལོ་ངོ་༢༠ ལྷགཔ་ཅིག་གི་རིང་ལུ་ ལས་འགན་སོ་སོའི་ཐོག་ གཞུང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།

ཀ་མཱལ་དཱན་ ཅམ་ལིང་། 

ཚན་རིག་ནགས་ཚལ་འཛིན་སྐྱོང་འཆར་གཞི་འགོ་བཙུགས་མི་ གཙོ་ཅན་ཅིག་ཨིན་མི་ སྐྱེས་ལོ་༤༤ ལང་མི་ ཀ་མཱལ་དཱན་ ཅམ་ལིང་གིས་ བསམ་རྩེ་པག་ལི་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཁོ་གིས་ རྒྱ་གར་ལས་ རྩི་ཤིང་རིག་པ་དང་ རྫས་སྦྱོར་རིག་པ་ སྲོག་ཆགས་རིག་པའི་ནང་ ཚན་རིག་གི་ མཐོ་རིམ་ཤེས་ཚད་དང་ སྤྱིར་བཏང་ནགས་ཚལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ནུག།
ང་བཅས་མཉམ་རུབ་ཚོགས་པ་ནང་ཡོད་མི་ཚུ་གིས་ མི་སྡེ་དང་འབྲེལ་བའི་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ལུ་ གཙོ་བོར་བཟུང་སྟེ་ མི་ངོམ་ག་ར་འདྲ་མཉམ་སྦེ་ བརྩི་འཇོག་འབད་ནི་དེ་ གལ་ཆེཝ་མ་ཚད་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཁྱད་པར་སྦོམ་ཞུགས་མི་ལུ་ ལཱ་འབད་དགོཔ་ཡོད་ཟེར་ ཅམ་ལིང་གིས་ སླབ་ཨིན་པས།

ཀརྨ་རྡོ་རྗེ། 

འདེམས་ངོ་༨ ཀྱི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༣༦ ལང་མི་ ཀརྨ་རྡོ་རྗེ་གིས་ པདྨ་དགའ་ཚལ་ངང་ལམ་འདེམས་ཁོངས་ལས་ ཌི་ཨེན་ཊི་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནི་ཨིན་པས།
རྒྱལ་ཁབ་འདི་ནང་ ལེགས་བསྒྱུར་གྱི་ ངོ་ཚབ་འབད་མི་ཅིག་སྦེ་ འཐོན་ནི་གི་ གོ་སྐབས་ལེན་མི་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ མཉམ་རུབ་ཚོགས་པའི་ནང་ འཛུལ་ནི་གི་ གདམ་ཁ་རྐྱབ་མི་དེ་ཡང་ ཚོགས་པའི་ལྟ་བ་དང་ མཉམ་རོགས་ འགོ་ཁྲིདཔ་ཚུ་ལུ་བལྟ་སྟེ་ཨིན་ཟེར་ཨིན་པས།
ཁོ་གིས་ ཐའི་ལེནཌི་ལས་ གློག་རིག་དང་འབྲེལ་བའི་ བཟོ་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ཨཱསི་ཊེ་ལི་ཡ་ལས་ བརྡ་དོན་འཕྲུལ་རིག་ནང་ མཐོ་རིག་གོང་མའི་ཤེས་ཚད་སློབ་སྦྱོང་འབད་ནུག།

བློ་བཟང་བསྟན་འཛིན།

དམག་སྡེའི་འགོ་དཔོན་ལས་ དགོངས་ཞུ་འབད་མི་ སྐྱེས་ལོ་༥༧ ལང་མི་ བློ་བཟང་བསྟན་འཛིན་གྱིས་ རྒྱ་གར་རྒྱལ་ཡོངས་སྲུང་སྐྱོབ་དང་ དམག་སྡེ་སློབ་ཁང་ལས་ སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལུ་ བརྒྱུད་འཕྲིན་བཟོ་རིག་སློབ་སྦྱོང་འབད་ཡོདཔ་ཨིན་པས།
བློ་བཟང་བསྟན་འཛིན་གྱིས་ བཀྲིས་གཡང་རྩེ་རྫོང་ཁག་ འབུམ་སྡེ་གླིང་-འཇམ་མཁར་འདེམས་ཁོངས་ལས་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཁོ་གིས་ འབྲུག་གི་བསྟན་སྲུང་དམག་སྡེའི་ནང་ ལོ་ངོ་༣༢ ཀྱི་རིང་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༠ ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།

མ་ནི་ ཀེ་པར་དཱན། 

སྐྱེས་ལོ་༥༥ ལང་མི་ མ་ནི་ ཀེ་པར་དཱན་དེ་ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ཀྱི་དོན་ལུ་ མཉམ་རུབ་ཀྱི་ འདེམས་ངོ་ཨིནམ་ད་ ཁོ་གིས་ གློག་རིག་ཀམ་པུས་ཊར་རྒྱབ་སྐྱོར་ལྟེ་བའི་ འགོ་འཛིན་སྦེ་ ལོ་༡༢ ལྷགཔ་ཅིག་གི་རིང་ གཞུང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ ཞི་གཡོག་དང་ སྒེར་སྡེ་གཉིས་ཆ་རའི་ནང་ ལཱ་འབད་མི་ལུ་བརྟེན་ ད་རིས་འབདཝ་ད་ སྲིད་དོན་ནང་ འཛུལ་ཞུགས་འབད་དེ་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གིས་ ང་བཅས་མི་སེར་ཚུ་ལུ་ གནང་བྱིན་སྦེ་གནང་མི་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནིའི་ནང་ ལྷན་ཐབས་འབད་ནི་གི་ གྲ་སྒྲིག་ཡོད་པའི་ ཚོར་སྣང་བྱུངམ་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་ རྒྱ་གར་ལས་ ཚན་རིག་དང་ རྩིས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ཡུ་ཨེསི་ཨེ་ ཇོརཇ་ཝ་ཤིང་ཊཱོན་གཙུག་ལག་སློབ་སྡེ་ལས་ བརྡ་དོན་འཛིན་སྐྱོང་ལམ་ལུགས་ནང་ མཐོ་རིམ་གོང་མའི་སློབ་སྦྱོང་མཐར་ཕྱིན་ནུག།

ཉི་མ་ཚེ་རིང་།
 

བསམ་རྩེ་ལས་ སློབ་གྲྭའི་སློབ་དཔོན་ཅིག་ཨིན་མི་ སྐྱེས་ལོ་༣༩ ལང་མི་ ཉི་མ་ཚེ་རིང་གིས་ སིབ་སུ་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོ་གིས་ རྒྱལ་ཁབ་ནང་གི་ མཐའ་ཟུར་སློབ་གྲྭ་ལེ་ཤ་ཅིག་ནང་ སློབ་སྟོན་འབད་བའི་ཤུལ་ལུ་ སྤ་རོ་མཐོ་རིམ་ཤེས་རིག་སྤེལ་ཁང་ནང་ སློབ་སྟོན་འབད་ཡོདཔ་ཨིན་པས།
ཁོ་གིས་ བསམ་རྩེ་མཐོ་རིམ་ཤེས་རིག་སྤེལ་ཁང་ལས་ པི་ཇི་སི་ཌིབ་ལོ་མ་སློབ་སྦྱོང་དང་ ཇ་པཱན་ཨོ་ཀི་ན་ཝ་གཙུག་ལག་སློབ་སྡེ་ལས་ པར་རིས་ཀྱི་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།

ནོར་བུ་དབང་ཕྱུག།
 

འཛིན་སྐྱོང་མཁས་མཆོག་གི་ སློབ་སྟོན་པ་དང་ གྲོས་སྟོན་པ་ སྐྱེས་ལོ་༤༣ ལང་མི་ ནོར་བུ་དབང་ཕྱུག་གིས་ བཀྲིས་སྒང་རྫོང་ཁག་ བཀང་ལུང་-ཨུ་མཛོ་རོང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།
རྒྱ་གར་པུ་ནི་ལས་ ཚོང་འབྲེལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ལྡན་མི་ ནོར་བུ་དབང་ཕྱུག་གིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ ལོ་ངོ་༥ གི་རིིང་ ལེགས་སྦྱར་བ་གོངམ་སྦེ་ ཕྱག་ཞུ་ཡོདཔ་ད་ སློབ་དཔོན་སློབ་སྦྱོང་ནང་ པི་ཇི་སིའི་ ལག་ཁྱེར་འཆང་མི་ཅིག་ཡང་ཨིན་པས།
ནོར་བུ་དབང་ཕྱུག་དེ་ འབྲུག་མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ འཐུས་མི་ཅིག་ཡང་ཨིནམ་ད་ ང་ སྲིད་དོན་ནང་ སེམས་སྒོ་ཡངས་དྲགས་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དེ་ ཐབས་རིག་ཅན་གྱི་ ཐབས་ལམ་ཚུ་ བཏོན་ནི་ལུ་དམིགས་ཏེ་ འཛུལ་ཞུགས་འབདཝ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།

དཔལ་བཟང་དབང་ཕྱུག། 

སྐྱེས་ལོ་༤༥ ལང་མི་ དཔལ་བཟང་དབང་ཕྱུག་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
དཔལ་བཟང་དབང་ཕྱུག་གིས་ རྒྱ་གར་ལས་ ཚན་རིག་ནང་ མཐོ་རིམ་ཤེས་ཚད་དང་ ནེ་དར་ལེནསི་ལས་ ཐོན་ཁུངས་འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
དཔལ་བཟང་དབང་ཕྱུག་གིས་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པའི་བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ཡོདཔ་ཨིན་པའི་གནས་ཚུལ།

མི་སེར་ཚུ་གི་ བདེ་སྡུག་ཐུགས་ཁར་བསྣམ་དགོཔ།

༢༠/༠༢/༢༠༡༣ རྩོམ་སྒྲིག་པའི་སྣང་འཆར།
  ༉ བདུན་ཕྲག་ཧེ་མའི་ནང་ སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་ དབུ་འཛུགས་གནང་པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ རྒྱལ་ཡོངས་ཀྱི་ མཐའ་དོན་དང་ ཚོགས་རྒྱན་སྐྱུར་མི་ མི་སེར་ཚུ་གི་ སྟབས་བདེ་ཧིང་ལུ་གཟིགས་ཏེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ དུས་ཡུན་མ་ཚངམ་ལས་ རྩ་གྲོལ་བཏང་སྟེ་ བཙག་འཐུ་ཧ་སུ་སྦེ་ འགོ་འདྲེན་འཐབ་ནི་གི་གྲོས་འདེབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡོད་ཟེར་ གསལ་བསྒྲགས་གནང་པའི་ཤུལ་ལས་ བསམ་ལན་འདྲ་མིན་སྣ་ཚོགས་བཀོད་ནུག།
དེ་ཡང་ སྤྱིར་བཏང་མི་མང་གིས་ སྤྱི་ཚོགས་གཉིས་པའི་ བཙག་འཐུ་དེ་ ཧ་སུ་སྦེ་ འགོ་འདྲེན་འཐབ་ནི་གི་ གྲོས་འཆར་ལུ་ དགའ་ཚོར་དང་བཅསཔ་སྦེ་ ངོས་ལེན་འབདཝ་ཨིན་རུང་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེ་ཚུ་གིས་གཙོས་པའི་ སྲིད་ཚོགས་གསརཔ་ཚུ་གིས་ གྲོས་འཆར་དེ་ལུ་ གདོང་ལེན་སྒྲིང་སྒྲིང་འབདཝ་ཨིན་མས།
ཁོང་གིས་འབད་བ་ཅིན་ གལ་སྲིད་ གཞུང་རྩ་གྲོལ་བཏང་སྟེ་ བཙག་འཐུའི་ཚེས་གྲངས་ཚུར་འཐེན་པ་ཅིན་ སྲིད་ཚོགས་རྙིངམ་གཉིས་ལུ་ ཁེ་ཕན་འབྱུང་ནི་དང་ སྲིད་ཚོགས་གསརཔ་ཚུ་ལུ་ གནོད་ནི་གི་ ཉེན་ཁ་ཡོདཔ་ལས་ བཙག་འཐུའི་བྱ་རིམ་དེ་ འདྲ་མཉམ་དང་ རྣམ་དག་མི་འགྱོ་ནི་མས་ཟེར་ཨིན་མས།
གཞུང་སྐྱོང་ཚོགས་པའི་ ཁ་ཐུག་ལས་འབད་བ་ཅིན་ གཞུང་གནས་ཡུན་མ་ཚངམ་ལས་ རྩ་གྲོལ་བཏང་སྟེ་ བཙག་འཐུའི་བྱ་རིམ་ཚུ་ ཟླཝ་༡ དེ་ཅིག་ ཚུ་འཐེན་ཏེ་ འགོ་འདྲེན་འཐབ་པ་ཅིན་ དངམ་གཅིག་ལུ་ མི་སེར་ཚུ་གིས་ ཆར་ཆུའི་དུས་ཚོད་ཀྱི་ཧེ་མར་ ཚོགས་རྒྱན་བཙུགས་ཚུགས་ནི་དང་ གཉིས་པ་འབདཝ་ད་ ལྕང་ལཱ་ལུ་ བར་ཆད་མི་རྐྱབ་ནི་ གསུམ་པ་འབདཝ་ད་ ལོ་ལྔའི་འཆར་གཞི་༡༡ པ་དེ་ཡང་ སྤྱི་ལོ་༢༠༡༣ ཟླཝ་༧ པ་ལས་ གཞུང་གསརཔ་གཞི་བཙུགས་དང་གཅིག་ཁར་ འགོ་བཙུགས་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ འོས་ཁུངས་བཟངམ་ཨིན་མས།
ཕྱོགས་གཅིག་ལས་ ལྟ་བ་ཅིན་ ད་ལྟོ་ གཞི་བཙུགས་དང་ འདེམས་ངོ་ཚུ་ འཚོལ་བའི་བསྒང་ཡོད་མི་ སྲིད་ཚོགས་གསརཔ་ཚུ་ལུ་ ཐོ་ཕོག་ཉེན་ཡོད་རུང་ ཕྱོགས་གཞན་ཅིག་ལུ་ལྟཝ་ད་ གནམ་བྱཱར་གྱི་ ཆར་ཆུ་མ་འབོལཝ་ལས་ བཙག་འཐུ་འགོ་འདྲེན་འཐབ་པ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་གི་ འོས་འབབ་ཡོད་པའི་ཁར་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡང་ མངམ་འཐོན་ནི་བཟུམ་མཐོངམ་མས།
འདི་འབདཝ་ད་ སྟབས་མ་བདེཝ་སྦོམ་ཤོས་ར་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ དགོངས་ཞུའི་གསོལ་རས་ ཕུལ་དགོ་པ་ཅིན་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ བསྒྱུར་བཅོས་མཛད་དགོཔ་བཞིན་དུ་ དེ་གི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བཀའི་གནང་བ་དགོཔ་ད་ གལ་སྲིད་ བཀའི་གནང་བ་གནང་སྟེ་འབད་རུང་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ རྒྱབ་སྣོན་ག་དེ་སྦེ་འོང་ག་ཟེར་བའི་ དོགས་སྣང་ཡོད་ནི་དེ་གིས་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ ཚོགས་ཁང་གོང་འོག་གཉིས་ཆ་ར་གིས་ སྤྱི་ཚོགས་འཐུས་མིའི་ ཐོབ་ཐངས་འཕྲི་སྣོན་དཔྱད་ཡིག་དེ་ ངོས་ལེན་མེདཔ་སྦེ་ ཕྱིར་བཏོན་འབད་ཡོད་མི་ལུ་བརྟེན་ཨིན།
གཞུང་རྩ་གྲོལ་གྱི་ཐད་ལུ་ སྐྱོན་བརྗོད་ག་དེ་སྦེ་ར་བཀོད་རུང་ ངོས་ལེན་མཛད་མི་མཛད་ཀྱི་ དབང་ཚད་ཧྲིལ་བུ་  ད་ལྟོའི་གཞུང་ལུ་ཡོདཔ་ལས་ གལ་སྲིད་ རྒྱལ་ཁབ་དང་ མི་མང་གི་ མཐའ་དོན་ལུ་ ཆེད་དམིགས་བསྐྱེདཔ་ཨིན་པ་ཅིན་ ང་བཅས་ཀྱིས་ ངོས་ལེན་འབད་ནི་དེ་ཡང་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ གནད་དོན་ག་ཅིའི་ཐད་ལས་འབད་རུང་ ང་བཅས་ཀྱིས་ དང་པ་ར་ མི་མང་གི་ མཐའ་དོན་དེ་ ཐུགས་ཁར་བསྣམ་དགོ་ཟེར་ ཞུ་ནི་ཨིན།

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མོང་སྒར་ལས་ ན་གཞོན་ཅིག་གིས་ དང་འདོད་གསལ་བཀོད།

བསོད་ནམས་དབང་ཕྱུག
༉ མོང་སྒར་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་དོན་ལུ་ དང་འདོད་གསལ་བཀོད་འབད་མི་༢ པ་དེ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་མཐར་འཁྱོལ་མི་ སྐྱེས་ལོ་༢༦ ལང་མི་ ན་གཞོན་ཅིག་གིས་ཐོན་ཡོདཔ་ཨིན་པས།
སྔ་ཚང་རྒེད་འོག་ ཡ་ལྡི་གཡུས་ཚན་ལས་ཨིན་མི་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཞིནམ་ལས་ ཞི་གཡོག་དང་ ཡང་ཅིན་ ཚོང་འབྲེལ་འཐབ་སྟེ་སྡོད་ནི་གི་ གོ་སྐབས་ཡོད་དེ་འབད་རུང་ མི་སེར་རེ་གིས་ རང་སོའི་ འགན་འཁྲི་རེ་འབག་དགོཔ་ཡོད་མི་ལུ་བརྟེན་ ཁོ་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲེལ་གཏོགས་འབད་དེ་ ཕྱག་ཞུ་ནི་གི་གོ་སྐབས་ལེན་ཡི་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་ བསོད་ནམས་ཀྱིས་སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ར་ ཁོ་ར་ ལོ་དང་ན་ཚོད་ཆུང་ཀུ་བསྒང་ལས་ར་ ཚོགས་སྡེའི་དོན་ལུ་ དང་འདོད་ག་ཅི་སྦེ་ བསྐྱེདཔ་སྨོ་ཟེར་དྲིསཝ་ཨིན་རུང་ ཁོ་གིས་འབད་བ་ཅིན་ གཡུས་སྒོའི་ནང་ ལོ་ན་ཚོད་འ་ནེམ་གཅིག་ཁར་ ཨ་ལུའི་ཨ་པ་གི་འགན་ཁུར་འབག་མིའི་གྲངས་སུ་ཚུད་དོ་ཡོདཔ་ལས་ ཁོ་གི་ན་ཚོད་དེ་ གཞོན་པའི་གྲངས་སུ་ཚུད་ནི་མིན་པར་ རྒྱལ་ཁབ་ལུ་ཤ་ཞེན་བསྐྱེད་དགོཔ་དེ་ གལ་ཆེཝ་ཨིནམ་ཤེས་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་སློབ་རིམ་༦ པའི་ནང་སྡོདཔ་ད་ རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ཀྱི་ གསུང་གྲོས་གནང་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ འགན་འཁྲི་དེ་ བསྐྱར་ཞིབ་གཙུག་སྡེ་ཅིག་ཨིན་མིའི་ངོས་འཛིན་ལུ་ ང་ལུ་ དང་འདོད་ཀྱི་སྤྲོ་བ་དང་ ཡིད་ཆེས་སྦོམ་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ མཐོ་རིམ་མཐར་འཁྱོལ་ཞིནམ་ལས་ ཞི་གཡོག་དང་ ལས་འཛིན་ ལས་སྡེ་ག་ཅིའི་ནང་ཡང་ ལཱ་གཡོག་འཚོལ་ནི་གི་ སྤྲོ་བ་མ་བསྐྱེད་ཟེར་ཨིན་པའི་ཁར་ ཤེས་ཡོན་མཇུག་བསྡུཝ་ཅིག་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་ཀྱི་ གྲ་སྒྲིག་འབད་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ ཚོགས་སྡེའི་བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་པ་ཅིན་ དང་པ་ར་ མི་སྡེ་ཚུ་ལུ་ དམངས་གཙོ་རིང་ལུགས་ཀྱི་ གོ་བ་བརྡ་སྤྲོད་འབད་ནི་ཟེར་ཨིནམ་ད་ དེ་ཡང་ གྲོང་གསེབ་ཀྱི་ མི་སེར་མང་ཤོས་ཅིག་གིས་ རང་ལུགས་དེ་ ཧ་མ་གོ་བར་ རང་སོའི་བདག་དབང་དང་ ཐོབ་ལམ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་སྡེའི་འཐུས་མི་གི་ གོ་སྐབས་ཐོབ་སྟེ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ཤེས་རིག་དང་ དཔལ་འབྱོར་གནས་སྟངས་ནང་ ལེགས་བསྒྱུར་གྱི་དོན་ལུ་ གཙོ་བོར་བཏོན་ནི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དངུལ་འབྲེལ་སྲིད་བྱུས་དང་ ཁྲལ་གྱི་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

                                                                            བསམ་གཏན་ཡེ་ཤེས།

ཅ་རྙིང་འགངས་ཅན་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ རྒྱལ་སྤྱི་གིས་ མཉམ་འབྲེལ་འབད་དགོཔ།

༢༠/༠༢/༢༠༡༣  ༉ ཐིམ་ཕུ་ ལྷན་འཛོམས་ལྟེ་བའི་ནང་སྦེ་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ ལམ་སྲོལ་དང་འབྲེལ་བའི་ཅ་རྙིང་ཉེན་སྲུང་གི་ རྒྱལ་སྤྱིའི་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལམ་སྲོལ་དང་འབྲེལ་བའི་ ཅ་རྙིང་ནག་ཚོང་འཐབ་མི་ ཡར་སེང་འགྱོ་མི་དེ་ཡང་ རྒྱལ་སྤྱིའི་ཁྲོམ་ཚོགས་ཚུ་ནང་ ཅ་རྙིང་འགངས་
ྒྱལ་སྱིའི་ཞལ་འཛོམས་འཚོགས་པའི་བསྒང་།
ཅན་ཚུ་ མཁོ་འདོད་སྦོམ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཅ་རྙིང་འགངས་ཅན་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ རྒྱལ་སྤྱི་གིས་ མཉམ་འབྲེལ་གང་དྲག་འབད་དགོཔ་ཨིན་ཟེར་ཨིན་པས།
མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ནག་ཚོང་དང་ བྱ་ངན་ཚུ་ མར་ཕབ་རྐྱབ་ནིའི་དོན་ལུ་ གྲལ་གཏོགས་འབད་མི་ འཐུས་མི་རྒྱལ་ཁབ་ཚུ་གིས་ ལགཔ་གཅིག་ཁར་མཐུད་དེ་ ལཱ་འབད་དགོཔ་གལ་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ འབྲུག་རྒྱལ་ཁབ་འདི་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན་རུང་ ལམ་སྲོལ་དང་འབྲེལ་བའི་ ཅ་རྙིང་འགངས་ཅན་ཚུ་ ཨར་རྐུན་དང་ ནག་ཚོང་འཐབ་ཞིནམ་ལས་ ཏི་རུ་འཇམ་ཏོང་ཏོ་སྦེ་ བཟོ་ནི་འཚོལཝ་མས་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཐོ་བཀོད་སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་༥ འི་ནང་འཁོད་ལུ་ མི་ངན་ཚུ་གིས་ ལམ་སྲོལ་དང་འབྲེལ་བའི་ ཅ་རྙིང་མ་འདྲཝ་༢༧༩ མེདཔ་བཏང་ཡོདཔ་མ་ཚད་༥༨༩ ཨར་རྐུན་འབད་ནུག་ཟེར་ཨིན་པས།
ལམ་སྲོལ་དང་འབྲེལ་བའི་ཅ་རྙིང་ མེདཔ་བཏང་མི་དང་ ཨར་རྐུན་འབད་མི་ཚུའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལུ་ སྙན་ཞུ་ཁག་༡༢༢ དང་ སྤྱི་ལོ་༢༠༡༡ ལུ་༩༡ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སྙན་ཞུ་ཁག་༡༨༢ ཐོན་མི་དེ་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ལམ་སྲོལ་དང་འབྲེལ་བའི་ ཅ་རྙིང་ཨར་རྐུན་གྱི་གྱངས་ཁ་ མཐོ་ཤོས་ཅིག་ཨིན་པས།
མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མི་ངན་ཚུ་གིས་ ལྷ་ཁང་དང་ མཆོད་རྟེན་ཚུ་ སློངས་དགོ་པའི་ གནད་དོན་ངོ་མ་ར་ ནང་གཟུངས་སྦེ་བཙུགས་མི་ གཟི་ཚུ་ འཚོལ་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ ལྷ་ཁང་དང་ མཆོད་རྟེན་ཚུ་ནང་ ནང་རྟེན་ཚུ་ ག་ཅི་ཡོདཔ་ཨིན་ན་ མ་ཤེས་ནི་དེ་གིས་ བྱ་ངན་འབད་མི་ཡང་ ཉུང་སུ་ཅིག་ལས་མེདཔ་ཨིན་རུང་ ད་རེས་ནངས་པ་ བརྡ་བརྒྱུད་ཚུ་གིས་ ལྷ་ཁང་དང་ མཆོད་རྟེན་ཚུ་གི་སྐོར་ལས་ རྒྱང་བསྒྲགས་འབད་མི་ལུ་བརྟེན་ གནོད་པ་སྦོམ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ མི་ཚུ་གིས་ ལྷ་ཁང་དང་ མཆོད་རྟེན་ཚུ་ནང་ ནང་རྟེན་རྩ་ཅན་ཚུ་ ག་ཅི་ཡོདཔ་ཨིན་ན་ ཤེསཔ་མ་ཚད་ གནས་གོང་ཚུ་གི་སྐོར་ལས་ཡང་ ལེགས་ཤོམ་སྦེ་ ཧ་གོ་ནི་དེ་གིས་ ནག་ཚོང་དང་ ཨར་རྐུན་གྱི་ བྱ་ངན་ཚུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
དེ་མ་ཚད་ གནད་གཅིག་ལས་ལྟ་བ་ཅིན་ ལྷ་ཁང་དང་ མཆོད་རྟེན་ཚུ་ མང་ཤོས་ར་ མི་ལེ་ཤ་མེད་པའི་ མཐའ་ཟུར་གཡུས་ཚན་ཚུ་ནང་ འབད་ནི་དེ་གིས་ཨིནམ་ད་ ལྷ་ཁང་དང་ མཆོད་རྟེན་ཚུ་ ས་དང་རྡོ་གིས་ བཞེངས་བཞེངསམ་འབདཝ་ལས་ གཏོར་བཤིག་གཏང་ནི་ལུ་ ལཱ་འཇམ་ནི་དེ་གིས་ཡང་ ལྷན་ཐབས་འབདཝ་ཨིན་མས་ཟེར་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཐོ་བཀོད་དང་འཁྲིལཝ་ད་ བྱ་ངན་ཚུ་གི་གྲས་ལས་ ཅ་རྙིང་ནག་ཚོང་དང་ ཨར་རྐུན་འབད་ནི་དེ་ ཨང་༦ པའི་ནང་ ཚུད་ཡོདཔ་བཞིན་དུ་ ཨང་དང་པ་དེ་ བརྡུང་རྫོབ་དང་ སྨྱོ་རྫས་སྤྱོད་མི་དེ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༨ ལུ་ མཇུག་བསྡུ་མི་ ཉིན་གྲངས་༣ གྱི་ ཞལ་འཛོམས་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ རྒྱལ་སྤྱིའི་བྱ་ངན་ཉེན་སྲུང་ཚོགས་སྡེ་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

                                                                               ཡེ་ཤེས་སྒྲོལ་མ།

རྫས་སྦྱོར་གྱི་ལུད་ བཀག་འཛིན་འབད་ནི་ཟེར་མི་དེ་ བདེན་ཁུངས་མེདཔ།

 ༢༠/༠༢/༢༠༡༣  ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ད་རེས་ཁམས་ཅིག་ཁར་ སོ་ནམ་བློན་པོ་གིས་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་སྦེ་འཚོགས་མི་ ཞལ་འཛོམས་ཅིག་ནང་ འབྲུག་ལུ་ སྤྱི་ལོ་༢༠༢༠ འི་ནང་འཁོད་ལུ་ རྫས་སྦྱོར་གྱི་ལུད་ ལག་ལེན་འཐབ་ནི་དེ་ བཀག་འཛིན་འབད་ནི་ཨིན་ཟེར་ གསུངས་མི་དེ་ལུ་ དྲི་བཀོད་འབད་ཡི།
སྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ མ་གཞི་ རྫས་སྦྱོར་གྱི་ལུད་ཚུ་ ལག་ལེན་འཐབ་ནི་མེདཔ་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་ཨིན་རུང་ ལོགས་ཅིག་ལས་ལྟཝ་ད་ དེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ དཀའ་ངལ་སྦོམ་འབྱུང་ནི་མས་ཟེར་ཞུ་ཡི།
དེ་ཡང་ ད་རེས་ཀྱི་གནས་སྟངས་ནང་འབད་རུང་ མི་སེར་ཚུ་ལུ་ ལུད་མ་ལང་པའི་ དཀའ་ངལ་སྦོམ་བྱུང་མི་དང་འཁྲིལ་ རྒྱལ་ཁབ་ནང་ བཟའ་འཐུང་མ་ལང་པའི་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ ཤུལ་ལས་ སོ་ནམ་ལས་ཁུངས་ལུ་ཡང་ ཐོ་ཕོག་ནི་ཨིནམ་ལས་ བཀག་ཆ་མ་འབད་བའི་ཧེ་མར་ འབྲུག་མི་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ སྤྱི་ཚོགས་ནང་ བཙུགས་ཏེ་ ག་ཅི་སྦེ་ གསུང་གྲོས་མ་གནངམ་ཨིན་ན་ཟེར་ དྲི་བཀོད་འབད་ཡི།
བཀག་འཛིན་དེ་གི་སྐོར་ལས་ རྒྱལ་སྤྱིའི་གནས་ཚུལ་གསར་ཤོག་ ལེ་ཤ་ཅིག་ནང་ གསལ་རིལ་རི་སྦེ་ བཀོད་ཡོདཔ་མཐོང་མི་ལུ་བརྟེན་ ཚ་གྱང་ལངམ་མས་ཟེར་ཞུ་ཡི།
ཨིན་རུང་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ རྫས་སྦྱོར་གྱི་ལུད་ཚུ་ བཀག་འཛིན་འབད་ནིའི་སྐོར་ལས་ སླབ་སླབ་མེད་ནི་དེ་གིས་ དེ་ལུ་ བདེན་ཁུངས་མེད་ཟེར་ ཞུ་བའི་ཁར་ དེ་བཟུམ་མའི་ བཀག་འཛིན་དེ་ཡང་ འཇམ་ཏོང་ཏོ་སྦེ་ ལག་ལེན་འཐབ་མི་ཚུགས་ཟེར་ཞུ་ཡི།
ཨིན་རུང་ ཧེ་མ་དང་ཕྱདཔ་ད་ སོ་ནམ་གྱི་ལཱ་ཚུ་ནང་ རང་ལུགས་ཀྱི་ལམ་ལུགས་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ རྫས་སྦྱོར་གྱི་ལུད་ཚུ་ ལག་ལེན་འཐབ་ནི་དེ་ བརྒྱ་ཆ་༧༠ དེ་ཅིག་ མར་བབས་སོང་སྟེ་ ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ གནས་ཚུལ་གསར་ཤོག་ བྷུ་ཊཱན་ ཊུ་ཌེ་རྐྱངམ་གཅིག་གིས་ བྲིས་མི་གནས་ཚུལ་དེ་ལུ་ བདེན་པ་མེད་ཟེར་ཞུ་ཡི།
དེ་བཟུམ་མའི་ ལོ་རྒྱུས་སླབ་ནི་གི་དབང་ཚད་ ཁོ་ལུ་མེདཔ་མ་ཚད་ གལ་སྲིད་ སླབ་དགོཔ་འཐོན་རུང་ ཧེ་མ་ར་ སྤྱི་ཚོགས་ནང་ བཙུགས་དགོ་ཟེར་ཞུ་ཡི།
སོ་ནམ་བློན་པོ་གིས་ ཞུ་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་གིས་ རྫས་སྦྱོར་གྱི་ལུད་ཚུ་ མི་སེར་ཚུ་ལུ་ རིན་མེད་སྟོང་པར་སྦེ་ བཀྲམ་སྲོལ་ཡོད་རུང་ སོ་ནམ་གྱི་ལཱ་དེ་ རང་བཞིན་གྱི་ལམ་ལུགས་ཐོག་ལས་ འབད་དགོཔ་དེ་ ག་ནི་བ་ ཁག་ཆེ་མི་དེ་ཡང་ དུས་གསུམ་ག་རའི་ནང་ ཡུན་བརྟན་ཅན་ཅིག་ ཨིནམ་འོང་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ རྒྱལ་སྤྱིའི་ཞལ་འཛོམས་ཚུ་ནང་ གསལ་བཤད་ཚུ་ གནང་པའི་སྐབས་ ལེགས་ཤོམ་སྦེ་ ཐུགས་བསམ་བཞེད་དགོཔ་མ་ཚད་ ཁག་ཆེ་བའི་གནད་དོན་ཚུ་ བཙུགས་དགོཔ་ཡོད་པ་ཅིན་ ཧེ་མ་ར་ སྤྱི་ཚོགས་ནང་བཙུགས་ཏེ་ གསུང་གྲོས་གནང་དགོ་ཟེར་ཞུ་ཡི།
དགོན་ཁ་སྟོད་དང་ ལ་ཡ་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ ཞུ་མིའི་ནང་ གཞུང་གིས་ ལོ་ངོ་ལེ་ཤ་ཅིག་གི་ ཧེ་མ་ལས་ མགར་ས་རྫོང་ཁག་དེ་ རང་ལུགས་ཀྱི་ སོ་ནམ་ལཱ་འབད་མི་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ད་རེས་ སོ་ནམ་པ་ཚུ་གིས་ རྫས་སྦྱོར་གྱི་ལུད་ ལག་ལེན་འཐབ་མ་ཆོགཔ་ བཟོ་ཡོད་མི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ད་རེས་ནངས་པ་ སོ་ནམ་གྱི་ལཱ་ཚུ་འབད་བའི་སྐབས་ ནད་འབུབ་ཚུ་ལུ་བརྟེན་པའི་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ ཐོན་དོ་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ གཞུང་གི་སྲིད་བྱུས་དང་འཁྲིལ་ ལཱ་འབད་བའི་སྐབས་ གཞུང་ལས་ཡང་ དེ་དང་བསྟུན་པའི་ རྒྱབ་སྐྱོར་ཚུ་ འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་སྤྱིའི་ལས་སྣ་ཚུ་ནང་ ཁག་ཆེ་བའི་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ད་ལྟོ་ཚུན་ལུ་ ཚར་གཅིག་ཡང་ སྤྱི་ཚོགས་ནང་བཙུགས་ཏེ་ གསུང་གྲོས་གནང་གནངམ་མེད་ཟེར་ ཁོ་གིས་ཞུ་ཡི།
དེ་ལུ་ ཨ་ཐང་དང་ ཐད་ཚོའི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་འབད་བ་ཅིན་ མི་ལཱ་མེདཔ་ད་རྐྱངམ་གཅིག་ གསར་ཤོག་ཚུ་ ལྷག་དོ་ཡོདཔ་ལས་ དེ་སྦེ་ གསར་ཤོག་ཚུ་ ལྷག་ཞིནམ་ལས་ དྲི་བ་བཀོད་ནི་དེ་ འོས་འབབ་ཅིག་ མི་མཐོང་པས་ཟེར་ ཞུ་ཡོད་པའི་གནས་ཚུལ།

                                                                                                                                       ཉི་མ་དབང་འདུས།