གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་འཁྲུན་ཆོད་ ཟླཝ་འདི་ནང་ བཏོན་ནི་བཟུམ་ཡོདཔ།

༢༡/༢/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ སྙན་གསན་གྱི་རིམ་པ་ཚུ་ ཧ་ལམ་འབད་ཚར་ཡོདཔ་ལས་ འཁྲུན་ཆོད་དེ་ཡང་ ད་རིས་ཀྱི་ཟླཝ་ནང་ བཏོན་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།


དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་ས་ཆའི་ རྩོད་གཞི་དེ་ རྒྱལ་རབས་དང་ལྡན་པའི་ རྩོད་བཤེར་ཅིག་ཨིནམ་ལས་ ཁྲིམས་འདུན་གྱི་ ཁ་ཐུག་ལས་ དྲང་ཁྲིམས་སྤྲོད་ནིའི་དོན་ལུ་ རྩ་འགེངས་དོ་ཡོདཔ་ལས་ ད་རེས་ཀྱི་ཟླཝ་ནང་ར་ འཁྲུན་ཆོད་བཏོན་ཚུགསཔ་འབད་ནི་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་དག་པ་ཅིག་གི་ སྙན་གསན་རྐྱངམ་གཅིག་ ལུས་ཡོདཔ་ད་ ད་ཚུན་གྱི་བར་ན་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༤ གི་ སྙན་གསན་ཚུ་ མཇུག་བསྡུ་ཡོད་ལས་ འཐུས་མི་མཇུག་ར་ རྫོང་ཁག་གསོ་བའི་ལྟ་རྟོག་འགོ་དཔོན་ ཁི་ན་མ་ཡ་གི་ སྟ་གོན་སྙན་གསན་དེ་ སྤྱི་ཟླ་༢ པའི་ཚེས་༡༨ ལུ་འབད་ཡི།
ཁི་ན་མ་ཡ་གིས་ སྤྱི་ལོ་༢༠༠༥ ལུ་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་༢ ལུ་ ཚུལ་མིན་ཐོག་ལུ་ ས་ཆ་བགོ་བཀྲམ་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ལུ་ཡང་ སྐུ་འཁོར་༢ དང་ ཀུན་བཟང་སྒྲོལ་མ་ལུ་ ལམ་ལུགས་དང་མ་འཁྲིལ་བར་ ཁྲོམ་ས་བགོ་བཀྲམ་འབད་ཡོདཔ་ལས་ ཚོགས་ཆུང་གི་འགན་འཁྲི་དེ་ རང་མོས་རྣམ་དག་ཐོག་ལུ་ མ་འབགཔ་ལས་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༢ པའི་ཚེས་༡༨ ལུ་ ཚོགས་ཆུང་གི་འཐུས་མི་ གནམ་སྒང་ལ་གི་ མཐའ་བསྡོམས་སྙན་གསན་མཛད་ཡོདཔ་ད་ གནམ་སྒང་ལ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་ཚུ་ གཞུང་གི་ལམ་ལུགས་ལས་ མ་འགལ་བར་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་པོའི་ཞིང་ཁྲོམ་སའི་དོན་ལུ་ ཞུ་ཡིག་༡༥༢ བཙུགས་ཏེ་ཡོད་མེད་ཡང་ མ་ཤེས་ཟེར་ཨིནམ་ད་ ཁོང་འཐུས་མི་ཚུ་གིས་ ཞུ་ཡིག་ཡོད་ལུགས་ཤེས་རྟོགས་བྱུང་ཡོད་པ་ཅིན་ ང་བཅས་ཀྱིས་ ཐབས་ལམ་ཅིག་ བཏོན་བཏོནམ་འོང་ཟེར་ཨིན་པས།
ཁོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ཁོ་གིས་ མོང་སྒར་ཚོང་པའི་ འཐུས་མི་སྦེ་ ཕྱག་ཞུ་སྟེ་ རྫོང་ཁག་ཚོགས་འདུ་ནང་ བཅའ་མར་གཏོགས་ཡོད་རུང་ དེ་ནང་ གནད་དོན་དེ་གི་ཐོག་ལུ་ གསུང་གྲོས་ཚུ་ ག་ནི་ཡང་ བྱུང་བྱུངམ་མེདཔ་ལས་ ད་རེས་ ཧང་སྟོང་མར་ རྒྱལ་པོའི་ཞིང་གི་ ས་ཆའི་དོན་ལུ་ ཞུ་ཡིག་མང་རབས་ཅིག་ བཏོན་ནི་ཡོད་མི་ཚུ་ རྩ་ལས་ར་ མ་མཐོངམ་ལས་ ས་ཆ་ཐོབ་བརྗོད་བཀོད་མི་ཚུ་ལུ་ ཚོགས་ཆུང་གིས་ ས་ཆ་སྤྲོད་ཐབས་མ་བྱུང ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁག་དེ་ནང་ རྫོང་བདག་གསརཔ་རེ་ གནས་སྤོ་འོང་བའི་སྐབས་ལུ་ ཧེ་མ་ རྫོང་བདག་གིས་ འབད་མི་ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་མེདཔ་ལས་ རྫོང་བདག་གསརཔ་རེ་གིས་ ཁོང་རའི་གནས་སྐབས་གསརཔ་རེ་བཏོན་ཏེ་ ལཱ་འབད་དོ་ཡོདཔ་ལས་ སྟབས་མ་བདེཝ་ཐོན་མི་དེ་ གནད་དོན་དེ་མེན་ན་ཟེར་བའི་ དོགས་སྣང་ཡོད་ཟེར་  གནམ་སྒང་ལ་གིས་ ཁྲིམས་འདུན་ལུ་ཞུ་ཡི།
དེ་ཡང་ དཔེ་འབད་བ་ཅིན་ མོང་སྒར་ཚོད་བསྲེ་ཁྲོམ་དེ་ ཧེ་མ་འབད་བ་ཅིན་ ཁྲོམ་གྱི་སྦུག་ལུ་ཡོད་རུང་ ཤུལ་ལས་རྫོང་བདག་ཅིག་གིས་ ས་གནས་སྤྲེལ་གླིང་ལུ་ སྤོ་སོར་འབད་ཡོདཔ་བཞིན་དུ་ དེ་ནང་ ཚོད་བསྲེ་བཙོང་ཁང་རྐྱབ་ཡོད་རུང་ ཉོ་མི་དང་བཙོང་མི་ག་གིས་ཡང་ འགྱོ་མ་བཏུབ་ལས་ ད་རུང་ རྫོང་བདག་གསརཔ་གཞན་ཅིག་གིས་ ད་ལྟོ་ཡོད་པའི་ས་གནས་ཁར་ ཚོད་བསྲེ་བཙོང་མི་དང་ ཉོ་མི་༢ ཆ་རའི་མཐའ་དོན་ལུ་ ཚོད་བསྲེ་ཁྲོམ་ རྐྱབ་གནང་ཡི་ཟེར་ཞུ་ཡི།
ཁྲོམ་ས་ཆ་བགོ་བཀྲམ་ཚོགས་ཆུང་ནང་ འཐུས་མི་༡༨ ཡོད་མི་ལས་ འཐུས་མི་༢ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་ལས་ སྙན་གསན་ནང་ འོང་མ་ཚུགས་པར་ཡོདཔ་ཨིན་པས།
འཐུས་མི་གཞན་༡༦ ལུ་ ཁྲིམས་འདུན་གྱིས་ བཀའ་ཤོག་གནང་ཐོག་ལས་ རེ་རེ་བཞིན་འབོ་ཐོག་ལས་ སྙན་གསན་མཛད་ཡོདཔ་ད་ འཐུས་མི་ཚུ་ཡང་ བློན་པོ་མི་འགྱུར་རྡོ་རྗེ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ བགོ་བཀྲམ་འབད་མི་ཚུ་ཨིན་པས།
འཐུས་མི་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་མི་དེ་ཡང་ ཁོང་གིས་ ཁྲིམས་ལུགས་དང་མ་འཁྲིལ་བར་ ཐོབ་ཁུངས་མེད་མི་ཚུ་ལུ་ ཁྲོམ་ས་བགོ་བཀྲམ་འབད་ཡོད་མི་ལུ་བརྟེན་ཨིནམ་ད་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་སྐབས་ཀྱི་འཐུས་མི་ཚུ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ རྒྱན་ཤོག་འཐུ་བར་ མ་ལྷོད་མི་ཚུ་ འཐུས་མི་ཚུ་གིས་ མ་ལྷོད་མི་ལུ་ མ་ལྷོད་དང་ ལྷོད་མི་ལུ་ལྷོད་ཅི་ དེ་ལས་ རྒྱན་སྟོངམ་ཐོབ་མི་ལུ་ སྟོངམ་ཐོབ་ཅི་ཟེར་ དྭངས་གསལ་སྦེ་བཀོད་དེ་ འཐུས་མི་ཚུ་གིས་ འགན་ཁུར་ཚུལ་ལྡན་འབག་ཡོདཔ་ལས་ ཉེས་འཛུགས་མ་འབད་བས་ཟེར་ཨིན་པས།
གནམ་སྒང་ལ་གིས་འབད་བ་ཅིན་ ངན་ལྷད་ཀྱི་ ལཱ་འབད་དགོ་པ་ཅིན་ ཁེ་ཕན་ཐོབ་དགོ་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཁོ་རའི་མི་ཚེ་ནང་ ཁབ་ཅིག་ཡང་ མ་བྱིན་ལེན་ཡོད་པའི་ མིང་གཏམ་མེདཔ་མ་ཚད་ རྒྱལ་པོའི་ཞིང་གི་ ས་ཆ་ཐོབ་མི་ཚུ་ལས་ཡང་ ཇ་ཕོརཔ་གང་ཡང་ འཐུང་འཐུངམ་མེདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་པ་མེད་པའི་ མི་དེ་ལུ་ ཉེས་འཛུགས་འབད་མི་དེ་ རྩ་ལས་མི་བཏུབ་པས་ཟེར་ཨིན་པས།
ད་ཚུན་ ཁྲིམས་ཀྱི་འདུན་སར་ སྙན་གསན་གྱི་དོན་ལུ་ འོང་མི་ཚུ་གི་གྲས་ལས་ བློན་པོ་མི་འགྱུར་རྡོ་རྗེ་རྐྱངམ་གཅིག་གི་ རྒྱབ་མི་མ་གཏོགས་ ཚོགས་དཔོན་གྱིས་གཙོས་པའི་ འཐུས་མི་གཞན་ཚུ་གིས་ མི་ངོམ་སྦེ་ར་ བཅར་ཡོདཔ་ད་ ཚོགས་དཔོན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་བར་ན་ སྟ་གོན་སྙན་གསན་ལས་འགོ་བཟུང་ མཐའ་བསྡོམས་ཚུན་ སྙན་གསན་ཐེངས་༩ དེ་ཅིག་ མཛད་ཡོདཔ་ད་ བློན་པོ་མི་འགྱུར་གྱི་ སྙན་གསན་ལན་ཐེངས་༦ མཛད་ཡོད་ལུང་ མཐའ་བསྡོམས་སྙན་གསན་འབད་མ་ཚུགས་པར་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ས་ཆ་སྤྲོད་མི་ འཐུས་མི་དང་ ཁྲི་འཛིན་༢ ཀྱི་ རྩོད་བཤེར་མཇུག་བསྡུ་བའི་ཤུལ་ལུ་ ས་ཆ་ལེན་མི་ རྩ་བོ་༧༥ གི་ ཞི་རྩོད་དེ་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment

Post a Comment