གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀའ་དྲིན་དགའ་ཚོར་ཞུ་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ མཇུག་གི་ཚོགས་ཐེངས་༡༠ པ་མཇུག་བསྡུ་ཡོདཔ།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ འཐུས་མི་ཚུ་གིས་ ཚོགས་ཐེངས་མཇུག་བསྡུའི་ བཀྲིས་སྨོན་ལམ་བཏང་པའི་བསྒང་།
༉ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེ་གིས་ ལོ་༥ འི་གནས་ཡུན་ མཇུག་གི་ཚོགས་ཐེངས་༡༠ པ་ མཇུག་བསྡུ་གནང་ཡི།


ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ མཇུག་བསྡུའི་གསལ་བཤད་ནང་ ཚོགས་སྡེའི་གནས་ཡུན་རིང་ དཔྱད་ཡིག་༣༩ ཆ་འཇོག་གྲུབ་ཅི་ཟེར་གསུང་ཡི།
དེ་ལས་ སྲིད་བྱུས་བསྐྱར་ཞིབ་ཀྱི་ གནད་དོན་ཁག་༣༩ དང་ གནད་དོན་སྣ་ཚོགས་༣༣ གྱི་ཐོག་ལུ་ གསུང་གྲོས་ཚུ་གནང་སྟེ་ འབྲེལ་ཡོད་ལྷན་ཁག་དང་ གཙུག་སྡེ་ཚུ་ལུ་ གྲོས་འདེབས་སྦེ་ ཕུལ་ཡི་ཟེར་གསུངས་ཡི།
དེ་བཟུམ་སྦེ་ ད་རུང་ རྒྱལ་སྤྱི་མཐུན་གྲོས་དང་ འགན་ཡིག་༡༩ ལུ་ གསུང་གྲོས་ཚུ་གནང་ཐོག་ལས་ ཆ་འཇོག་གྲུབ་ཅི་ཟེར་གསུངས་ཡི།
དེ་མ་ཚད་ ངག་ཐོག་གི་ དྲི་བཀོད་མཛད་རིམ་༢༧ དང་ ཡིག་ཐོག་གི་ དྲི་བཀོད་མཛད་རིམ་༡༠ རྩིས་ཏེ་ བསྡོམས་དྲི་བཀོད་ལས་རིམ་༣༧ འགོ་འདྲེན་འཐབ་ཐོག་ལས་ སྲིད་བྱུས་དང་འབྲེལ་བའི་ བསྐྱར་ཞིབ་ལས་རིམ་ཚུ་ཡང་ གྲུབ་འབྲས་ཅན་སྦེ་ འགོ་འདྲེན་འཐབ་ཅི་ཟེར་ ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་གསུངས་ཡི།
དེ་སྦེ་ བསྐྱར་ཞིབ་ཚུ་ མཛད་པའི་སྐབས་ལུ་ ཚོགས་སྡེ་ལུ་ གདོང་ལེན་དུམ་གྲ་རེ་ བྱུང་ཡོད་མི་ དེ་ཡང་ མི་དམངས་དང་ གཙུག་སྡེ་ཁག་ དེ་ལས་ གཞུང་དང་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་ ལྡོག་ཕྱོགས་ཀྱི་འགན་ཁུར་ འབག་དོ་ཟེར་བའི་ འཚོར་སྣང་དང་ དོགས་པ་ཚུ་བྱུང་ཡི་ཟེར་ཨིན་པས།
གཞན་ཡང་ དྲི་བཀོད་ལས་རིམ་ འགོ་བཙུགས་པའི་སྐབས་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་མཛད་རིམ་ནང་ བཅའ་མར་གཏོགས་དགོཔ་མེད་ཟེར་བའི་ བསམ་འཆར་བཀོད་དེ་ སྟབས་མ་བདེཝ་ དུམ་གྲ་རེ་ཡང་ བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གཙོས་པའི་ ཚོགས་དཔོན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ ཚོགས་སྡེའི་བར་ན་ དོགས་པ་ཚུ་ བསལ་བའི་ཁར་ དྲི་བཀོད་མཛད་རིམ་གྱི་ ལམ་ལུགས་ལམ་སྟོན་གྱི་ སྒྲིག་གཞི་ཅིག་ཡང་ ཡིག་ཐོག་ལུ་བཀོད་དེ་ སྟབས་མ་བདེཝ་ཚུ་ བསལ་ཡོདཔ་ལས་ ད་ལས་ཕར་ སྤྱི་ཚོགས་ཀྱི་ བྱ་སྒོའི་རིམ་པ་ཚུ་ལུ་ ཕན་པའི་ ལམ་ལུགས་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་གནང་ཚུགས་ཅི་ཟེར་ ཁྲི་འཛིན་གྱིས་ གསལ་བཤད་གནང་ཡི།
དེ་དང་འབྲེལ་ ཚོགས་སྡེའི་འཐུས་མི་ཡོངས་ཀྱིས་ མི་དབང་ཡབ་སྲས་༢ ལུ་ གུས་བཏུད་ཀྱི་ བཀའ་དྲིན་དགའ་ཚོར་ཚུ་ཡང་ ཧིང་དྭངས་མའི་དཀྱིལ་ལས་ར་ཞུ་ཡོདཔ་མ་ཚད་ ཁྲི་འཛིན་གྱིས་ འབྲེལ་བ་ཅན་དང་ གཞུང་མིན་ལས་སྡེ་དང་ བརྡ་བརྒྱུད་ལས་འགོ་བཙུགས་སྟེ་ ག་ར་ལུ་ ལོ་༥ འི་རིང་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་བའི་ཁར་ ཚོགས་སྡེའི་ཕྱག་འགན་དང་འབྲེལ་བའི་ གནད་དོན་ཚུ་ནང་ཡང་ གྲོགས་རམ་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཞུ་སྟེ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ མཇུག་གི་ཚོགས་ཐེངས་༡༠ པ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

                                                                                    བསམ་གཏན་ཡེ་ཤེས།

No comments:

Post a Comment