གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཨམ་སྲུ་འདེམས་ངོ་ འགོ་དང་པ་ཐོན་ཡོདཔ།

༢༢/༢/༢༠༡༣   ༉ ད་ལྟོ་ཚུན་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ དང་འདོད་གསལ་བཀོད་འབད་མི་ ཕོ་སྐྱེས་ལེ་ཤ་ཅིག་ ཐོན་ཡོདཔ་ཨིན་རུང་ ཐིམ་ཕུ་ ལྕང་རྒེད་འོག་ལས་ ཨམ་སྲུ་ཅིག་གིས་ དང་འདོད་གསལ་བཀོད་འབད་མི་དེ་ འགོ་དང་པ་ཨིན་པས།
ཉི་མ་རྒྱལ་མཚན།
ཨོ་རྒྱན་སྒྲོལ་མ།


དེ་ཡང་ རཱམ་ཏོག་ཏོ་གཡུས་ཚན་ལས་ སྐྱེས་ལོ་༢༦ ལང་མི་ ཨོ་རྒྱན་སྒྲོལ་མ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ འབྲེལ་གཏོགས་ཐོག་ ཞབས་ཏོག་ཞུ་ནིའི་ སྤྲོ་བ་བསྐྱེད་མི་དེ་ མོ་ར་ མཐོ་རིམ་སློབ་ཕྲུག་ཅིག་སྦེ་ སྡོད་པའི་སྐབས་ལས་ར་ དང་འདོད་སྦོམ་ཡོད་ཟེར་ཨིནམ་ད་ ཨིན་རུང་ དེ་བསྒང་ མཐོ་རིམ་ཤེས་ཚད་མཇུག་མ་བསྡུ་ནི་དེ་གིས་ གོ་སྐབས་ལེན་མ་ཚུགས་ཟེར་ཨིན་པས།
མོ་ར་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ན་གཞོན་ཚུ་གི་དཀའ་ངལ་ སེལ་ཐབས་འབད་ནི་ལུ་ གཙོ་བོར་བཏོན་ཐོག་ལས་ འཐུས་མི་རྒས་ཤོས་ཚུ་དང་གཅིག་ཁར་ ཉམས་མྱོང་གོང་འཕེལ་གཏང་ནི་དང་འབྲེལ་ ཐབས་བྱུས་ཚུ་ བཏོན་ནི་ཨིན་ཟེར་ཨིན་པས།
མོ་གིས་ སྤྱི་ལོ་༢༠༡༠ ལུ་ རྒྱ་གར་སི་ཀིམ་ མ་ནི་པཱལ་གཙུག་ལག་སློབ་སྡེ་ནང་ལས་ བརྡ་དོན་ལམ་ལུགས་ཀྱི་ ཚོང་རིག་མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ལུ་བསྒུགས་ཏེ་ ཚོང་ལཱ་རེ་ འབད་སྡོད་ཅི་ཟེར་ སླབ་ཨིན་པས།
མོ་གིས་ ཐིམ་ཕུ་རྫོང་ཁག་གི་ ཚོགས་སྡེའི་འཐུས་མི་སྦེ་ འབྲེལ་གཏོགས་འབད་ནིའི་དོན་ལུ་ རྒེད་འོག་གནས་རིམ་གྱི་ འདེམས་ངོ་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་དགོཔ་ཨིན་པས།
ཐིམ་ཕུ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ དང་འདོད་གསལ་བཀོད་འབད་མི་ སྐྱེས་ལོ་༢༨ ལང་མི་ ཉི་མ་རྒྱལ་མཚན་དེ་ མོ་དང་ གཡུས་ཅིག་པའི་ཁྱིམ་ཚང་ཨིནམ་ལས་ ལྕང་རྒེད་འོག་ལས་ ཁོང་༢ ཀྱི་བར་ན་ དོ་འགྲན་འབད་ཞིནམ་ལས་ ག་གིས་རྒྱལ་ཁ་ཐོབ་མི་དེ་ ཚོགས་སྡེའི་བཙག་འཐུ་ངོ་མ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༠ ལུ་ རྒྱ་གར་པུ་ནེ་ལས་ མི་སྡེའི་ཁྲིམས་དོན་རིག་པའི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྒེར་གྱི་ཚོང་ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ འབྲེལ་གཏོགས་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཁྲིམས་གཞུང་ཚུ་ བསྐྱར་ཞིབ་ཐོག་ མི་སེར་ལུ་ ཕན་ཐོགས་ཅན་གྱི་ཁྲིམས་ལུགས་ གཞི་བཀོད་འབད་ནི་ཨིནམ་མ་ཚད་ མི་སྡེའི་འགོ་ཁྲིདཔ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ས་གནས་ཀྱི་ གོང་འཕེལ་འཆར་བཀོད་ཚུ་ནང་ ལྷན་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གཙུག་སྡེ་གལ་ཅན་ཚུ་ནང་ རྒན་གཞོན་མཉམ་བསྡོམས་ཡོད་པའི་ སྡེ་ཚན་དགོཔ་ཁག་ཆེཝ་འདུག་ཟེར་ཨིནམ་མ་ཚད་ རྒས་ཤོས་ཚུ་གི་ ཉམས་མྱོང་དང་འབྲེལ་བའི་རིག་པ་ཚུ་ བརྗེ་སོར་འབད་ཚུགས་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment