གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་གཞོང་དགོན་པའི་དུར་ཁྲོད་ ལེགས་བཅོས་འབད་དོ་ཡོདཔ།

༢༥/༢/༢༠༡༣   ༉ ད་ཚུན་གྱི་རིང་ ཀྲོང་གསར་དང་ བུམ་ཐང་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་གིས་ རྡོ་གཞོང་དགོན་པ་ལུ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཡོད་པའི་ དུར་ཁྲོད་ནང་ རོ་མེ་བཏང་སར་མཐོངམ་དེ་ འཇིགས་སྣང་ལང་མི་དེ་ ད་ལས་ཕར་ མི་ལང་ནི་ཨིན་པས།
ལེགས་བཅོས་འབད་བའི་བསྒང་ཡོད་མི་ རྡོ་གཞོང་དགོན་པའི་དུར་ཁྲོད།


དེ་ཡང་ དཔལ་འབྱོར་ཁག་འབག་ལས་སྡེའི་ཇོ་བདག་ ཟླ་བ་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དང་ཕུ་ལས་ར་ མེ་སྦྱང་འབད་སྲོལ་ཡོད་པའི་ དུར་ཁྲོད་དེ་གི་མཐའ་འཁོར་ལུ་ གྱང་རྩིག་རྐྱབ་ཐོག་ལས་ ཐིམ་ཕུའི་ དུར་ཁྲོད་བཟུམ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་གིས་ མེ་སྦྱང་འབད་སར་ མཐོང་མི་བཅུག་ནིའི་དོན་ལུ་ དུར་ཁྲོད་ཀྱི་ཕྱི་ཁ་ལས་ རིང་ཚད་མི་ཊར་༥༦ འབད་མི་ གྱང་རྩིག་རྐྱབ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགོ་དང་པ་ རིན་བསྡུར་འབད་བའི་སྐབས་ དུར་ཁོྲོད་དེ་གི་དོན་ལུ་ མགྱོན་ཁྱིམ་དང་ མཛོད་ཁང་ གསང་སྤྱོད་ མཆོད་ཁང་ གློག་མེ་ དེ་ལས་ ཐབ་གསུམ་ བཙུགས་ནི་གི་ འཆར་གཞི་ཡོདཔ་ལས་ ཁོ་གིས་ རིན་བསྡུར་དངུལ་ཀྲམ་འབུམ་༥༣ ལྷགཔ་ཅིག་འབད་དེ་ ལཱ་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་རུང་ རྫོང་ཁག་ནང་ མ་དངུལ་ལངམ་མེདཔ་ལས་ ལཱ་མང་ཤོས་ར་ ཆ་མེད་བཏང་སྟེ་ དངུལ་ཀྲམ་འབུམ་༢༢ ལུ་ མར་ཕབ་བཏང་ཡི་ཟེར་ཨིན་པས།
ཟླ་བ་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མ་དངུལ་གྱི་ དཀའ་ངལ་ཡོདཔ་ལས་ མཆོད་ཁང་དང་ མེ་སྦྱང་འབད་སའི་ཐབ་ཕུད་རྡོག་༡ འབད་མི་ཅིག་ བཟོ་སྐྲུན་འབད་ནི་ཟེར་ཨིན་པའི་ཁར་ གློག་མེའི་མཐུན་རྐྱེན་ཡང་ མི་བཙུགས་ནི་ཨིན་པས།
ཧེ་མ་ འཆར་གཞི་དང་འཁྲིལཝ་ད་ རྩིགཔ་ཚུ་ག་ར་ ཨིན་ཊ་ སྤག་ཅུང་གིས་ བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ མ་དངུལ་མེདཔ་ལས་ རྡོ་གིས་ རྐྱབ་དོ་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་ཚུ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ནི་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ ཆ་མེད་བཏང་མི་ལཱ་ཚུ་ ཤུལ་ལས་ བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་ལམ་དེ་ཁ་ལས་ འགྲོ་འགྲུལ་འབད་མི་ཚུ་གིས་འབད་བ་ཅིན་ མེ་སྦྱང་འབད་སའི་ས་ཁོངས་དེ་ དུམ་གྲ་ཅིག་ གྱང་རྩིག་རྐྱབ་མི་ལུ་བརྟེན་ མཐོང་མ་ཚུགས་ནི་དེ་གིས་ ནུབ་མོའི་དུས་ཚོད་ལུ་ དུར་ཁྲོད་ཀྱི་ ས་ཁོངས་ནང་ལས་ འཐོན་འགྱོ་དགོཔ་འབྱུང་རུང་ འཇིགས་སྣང་མི་ལང་ནི་མས་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་ དུར་ཁྲོད་དེ་ བླམ་ག་གིས་ དུས་ཚོད་ནམ་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་ན་ ས་གནས་ཀྱི་ མི་ཚུ་གིས་ མི་ཤེས་དོ་ཡོདཔ་རུང་ མི་ཚུ་གིས་ རྩ་ཅན་ཅིག་སྦེ་ བརྩི་ནི་དེ་གིས་ རྫོང་ཁག་གི་ མི་སེར་མང་ཤོས་ཅིག་གིས་ དུར་ཁྲོད་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment