གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་རུང་ ཚོགས་སྡེ་ནང་ཕུལ་ནི།

༢༡/༢/༢༠༡༣   ༉ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་༢༠༡༡ ཅན་མ་ལུ་ འདས་པའི་ཉིན་གྲངས་༢ ཀྱི་རིང་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་རྒྱས་པར་གནང་ཐོག་ལས་ ཁ་ཙ་ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་༢༠༡༣ ཅན་མ་སྦེ་ ཆ་འཇོག་གནང་ཡི།
ཆ་འཇོག་གི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་བསྡོམས་༣༧ ག་ར་གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཅི



ཉིན་གྲངས་༢ ཀྱི་རིང་ གསུང་གྲོས་གནང་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་གི་ ཁྱབ་ཚད་དེ་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ནང་ཨིན་ཟེར་ འཕྲི་སྣོན་གནང་མི་ལུ་ ཚོགས་འདུ་གིས་ འབྲུག་རྒྱལ་ཁབ་དང་ འབྲུག་གི་ཁྱབ་དབང་འོག་ལུ་ཡོད་པའི་ ས་ཁོངས་ཆ་མཉམ་ནང་ཡོད་ཟེར་མི་ ཟིན་བྲིས་ལྟར་དུ་སྦེ་ར་ འཕྲི་སྣོན་གནང་ཡི།
དེ་ལུ་ དཔྱད་ཡིག་གི་འགོ་འཛིན་ མོང་སྒར་ དགྲ་མེད་རྩེ་དང་ སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཟིན་བྲིས་ལྟར་དུ་ བཞག་དགོ་མི་དེ་ཡང་ གཙོ་བོ་ར་ དཔྱད་ཡིག་དེ་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཚུ་རྐྱངམ་གཅིག་མེན་པར་ ཕྱི་རྒྱལ་དང་འབྲེལ་བའི་ ལས་དོན་ཚུ་གི་དོན་ལུ་ཡང་ ལག་ལེན་འཐབ་དགོཔ་ འཐོན་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ལྟེ་བའི་བདག་སྐྱོང་གཙོ་འཛིན་དང་ ལས་བྱེདཔ་ཚུ་གི་གནས་ཚད་ ག་བཟུམ་ཅིག་སྦེ་ འོང་དགོཔ་ཨིན་ནའི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ཚོགས་ཁང་གིས་ དེ་ནང་ དོན་ཚན་གསརཔ་ཅིག་ བཙུགས་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ དོན་ཚན་གསརཔ་ཅིག་ བཙུགས་ཅི།
དེ་ཡང་ ལྟེ་བའི་ནང་ བསྐོ་བཞག་གྲུབ་མི་ བདག་སྐྱོང་གཙོ་འཛིན་དང་ ལས་བྱེདཔ་ཚུ་ ཞི་གཡོགཔ་ཨིན་པ་ཅིན་ དགོངས་ཞུ་འབད་དགོ་ཟེར་བཟོ་ཡི།
དེ་གིས་ ལྟེ་བའི་ནང་ ལཱ་འབད་མི་ཚུ་ ཞི་གཡོག་པའི་གྲངས་སུ་མི་ཚུད་ནི་ཨིནམ་ གསལ་ཏོག་ཏོ་ཅིག་ལུ་ གྱུར་ཡི་ཟེར་ དཔྱད་ཡིག་འགོ་འཛིན་གྱིས་ཞུ་ཡི།
དེ་བཟུམ་སྦེ་ དོན་ཚན་དེ་གི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ཟིན་བྲིས་ལྟར་དུ་འབད་བ་ཅིན་ ལྟེ་བའི་ནང་ ལཱ་འབད་ནིའི་དོན་ལུ་ སྤྲོ་བ་བསྐྱེད་མི་ཚུ་ ཞི་གཡོགཔ་མེན་མི་ཚུ་ འོང་དགོཔ་བཟུམ་མའི་ གོ་བ་ལེན་མི་ཡང་ ཐོན་མི་ལུ་བརྟེན་ འཕྲི་སྣོན་ནང་ ལྟེ་བའི་དོན་ལུ་ ལཱ་འབད་ནི་གི་ སྤྲོ་བ་བསྐྱེད་མི་ཚུ་ ཞི་གཡོགཔ་ཨིན་པ་ཅིན་ བཙག་འཐུ་གྲུབ་པའི་ཤུལ་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དགོ་ཟེར་བའི་ དོན་ཚན་གསརཔ་ཅིན་ ཧིང་སངས་ས་སྦེ་ར་ བཙུགས་གནང་ཡི།
དེ་ལས་ དོན་ཚན་༢༣ པ་དེ་ ལྟེ་བའི་ཁྲལ་གྱི་སྐོར་ལས་ཨིནམ་བཞིན་དུ་ དོན་ཚན་དེ་གི་ཐོག་ལུ་ གསུང་གྲོས་གནངམ་ད་ ལྟེ་བ་དེ་ གཞུང་མིན་ལས་ཚོགས་སྦེ་ གཞི་བཙུགས་འབད་ནི་མེན་པ་ཅིན་ ཁྲལ་དགོངས་ཡངས་འབད་དགོཔ་མེད་པའི་ཁར་ གལ་སྲིད་ ལྟེ་བའི་ནང་ འོང་འབབ་ཚུ་ སྦོམ་སྦེ་ར་ བཟོ་མ་ཚུགས་པ་ཅིན་ གཞུང་གི་སྲིད་བྱུས་དང་འཁྲིལ་ ཤུལ་ལས་ མཛད་ཐབས་འདུག་ཟེར་ སླབ་མི་ལུ་བརྟེན་ ཚོགས་སྡེ་གིས་ འཕྲི་སྣོན་མཛད་མི་བཟུམ་སྦེ་ ཕྱིར་དབྱུང་མཛད་ཅི།
དཔྱད་ཡིག་དེ་ ཆ་འཇོག་གནང་པའི་ཤུལ་ལུ་ འཐུས་མི་ཚུ་གིས་ བསམ་འཆར་བཀོད་ནིའི་ གོ་སྐབས་གནང་པའི་སྐབས་ ཕུན་ཚོགས་གླིང་གི་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་ གལ་སྲིད་མི་ཚུ་གིས་ འཁོན་འདུམ་ལུ་ གདམ་ཁ་རྐྱབ་བཅུག་ནིའི་དོན་ལུ་ ཁྲིམས་འདུན་ཚུ་དང་ཕྱདཔ་ད་ ཞབས་ཏོག་གི་ཁྱད་པར་ཚུ་ བཟོ་དགོཔ་འོང་ཟེར་ཨིན་པས།
དེ་ཡང་ ཁྲིམས་འདུན་ཚུ་ནང་འབད་བ་ཅིན་ རྩོད་གཞི་ཅིག་གི་ གྲོས་ཆོད་བཏོན་ནིའི་དོན་ལུ་ དུས་ཡུན་རིངམོ་སྦེ་ར་ འགོར་དོ་ཡོདཔ་ལས་ ལྟེ་བ་གསརཔ་དེ་ གཞི་བཙུགས་འབད་བའི་བསྒང་ལས་ དུས་ཡུན་འ་ནེམ་ཅིག་ལས་ མི་འགོར་ཟེར་བའི་ གནད་དོན་ཚུ་ དཔྱད་ཡིག་ནང་ མ་ཚུད་པས་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ དཔྱད་ཡིག་དེ་ མ་གཞི་ རྒྱལ་ཡོངས་ཚོགས་སྡེ་གིས་ འཕྲི་སྣོན་མཛད་ཡོདཔ་ཨིན་རུང་ ད་རེས་ དོན་ཚན་ལ་ལུ་ཅིག་ནང་ ཚོགས་འདུ་གིས་ འཕྲི་སྣོན་མཛད་ཡོདཔ་ལས་ ལོག་སྟེ་ ཚོགས་སྡེའི་ནང་ གཏང་ནི་ཨིན་ཟེར་ གསུངས་ཡི།
ཨིན་རུང་ གལ་སྲིད་ ཚོགས་འདུ་གིས་ འཕྲི་སྣོན་མཛད་མི་ལུ་ ཚོགས་སྡེ་གིས་ འཕྲི་སྣོན་མ་མཛད་པ་ཅིན་ སྤྱི་ཚོགས་ལྷན་བཞུགས་ནང་ བཙུགས་དགོཔ་འོང་ཟེར་ ཚོགས་དཔོན་གྱིས་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment