གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་ལོ་ཆུ་མོ་སྦྲུལ་ལོའི་སྔོན་བཤད།

༩/༢/༢༠༡༣   གནམ་ལོ་ཆུ་མོ་སྦྲུལ་ལོའི་སྔོན་བཤད།
༉ དུས་ཅི་ རང་ལུགས་གནམ་ལོ་ ཆུ་མོ་སྦྲུལ་ལོའི་ སྔོན་བཤད་དང་འཁྲིལཝ་ད་ ལོ་འདི་ནང་ མ་མཐུན་པ་དང་ འཁྲུགས་པ་དུམ་གྲ་རེ་ འབྱུང་ཉེན་ཡོདཔ་བཞིན་དུ་ ཤར་ཁ་ཐུག་ལུ་ མུ་གེ་དང་ བྱང་ཤར་ལུ་ འཁྲུགས་པ་དང་རྩོད་པ་ དེ་ལས་ ཡམ་ནད་ཚུ་ འབྱུང་ཉེན་ཡོདཔ་ཨིན་པས།


ལྷོ་ནུབ་ཁ་ཐུག་ལུ་ཡང་ མ་མཐུན་པའི་དཀའ་ངལ་ཚུ་ འབྱུང་ནིའི་ཉེན་ཁ་ཡོདཔ་ཨིན་རུང་ ཕྱོགས་གཞན་ཚུ་ནང་ དུས་ཚོད་ལེགས་ཤོམ་ འབྱུང་ནི་ཨིན་པས།
དེ་བཟུམ་སྦེ་ ལོ་འདི་ནང་ ལོ་ཐོག་ཚུ་ ལེགས་ཤོམ་འོང་ནི་དང་ ལྷག་པར་དུ་ སྐྱེད་ཚལ་ལྡུམ་རའི་མེ་ཏོག་ཚུ་ ལེགས་ཤོམ་འོང་ནི་ཨིན་པས།
དེ་གི་སྐོར་ལས་ ཀུན་གསལ་གྱིས་ ཐིམ་ཕུ་ཟངས་མདོག་དཔལ་རི་ལུ་ རྩིས་འབྲེལ་ཞབས་ཏོག་གི་ ཚོང་ཁང་ཅིག་བཙུགས་ཡོད་མི་ རྩིསཔ་ཚེ་དབང་རྒྱལ་མཚན་དང་ དྲི་བ་དྲིས་ལན་འབདཝ་ད་ ཁོ་གིས་སླབ་མིའི་ནང་ མ་གཞི་ དུས་ཅི་ དམིགས་བསལ་དུ་ ཚོང་པ་དང་ སེམས་ཅན་ཚུ་ལུ་ བདེ་སྐྱིད་འབྱུང་ནི་ཨིན་རུང་ བླམ་དགེ་བའི་བཤེས་གཉེན་དང་ སྤྱིར་བཏང་ ཆེ་མཐོ་ཅན་གྱི་མི་ཚུ་ལུ་ བཀུར་པ་དང་ དམའ་ཕབ་འབད་བའི་གནད་དོན་ཚུ་ འབྱུང་ཉེན་འདུག་ཟེར་ཨིན་པས།
ནད་གཞི་འབད་བ་ཅིན་ གྲང་བ་དང་ བད་ཀན་ཚུ་ རྒྱ་ཆེ་དྲགས་སྦེ་འཐོན་ནི་དང་ གཡུས་སྒོ་ཚུ་ནང་ མེ་རྐྱེན་འབྱུང་ནིའི་ ཉེན་ཁ་སྦོམ་ཡོད་པའི་ཁར་ ན་གཞོན་ཚུ་ལུ་ དུས་ཚོད་དེ་ རྩུབ་དྲགས་མཚམས་ཅིག་ འོང་ནི་ཨིན་རུང་ རྒན་རྒས་ཚུ་གི་དོན་ལུ་ ལོ་དེ་ ལེགས་ཤོམ་ཨིན་པས།
སྦྲུལ་ལོ་ལུ་སྐྱེས་མི་ ཨ་ལུ་ཚུ་ ཞེ་སྡང་ཆེ་དྲགས་འོང་ནི་ཨིནམ་མ་ཚད་ ཤེས་པ་ཡང་ འབྲིང་འཚམས་ཅིག་ལས་ མི་འོང་ནི་མས་ཟེར་ ཚེ་དབང་རིག་འཛིན་གྱིས་ སླབ་ཡོདཔ་ད་ དུས་ཅིའི་ལོ་དེ་ མོ་འབད་ནི་དེ་གིས་ བུམོ་སྐྱེ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ སླབ་ཨིན་པས།
ཨིན་རུང་ གནམ་ལོ་སྦྲུལ་ལོ་ནང་སྐྱེས་མི་ ཨ་ལུ་ཚུ་ རྒྱུ་ནོར་དང་ལྡན་འོང་ཟེར་ རྩིསཔ་ཚེ་དབང་རྒྱལ་མཚན་གྱིས་ སླབ་ཨིན་པས།
རྩིསཔ་ཚེ་དབང་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རང་ལུགས་གནམ་ལོ་སྦྲུལ་ལོ་དེ་ རང་ཟླ་༡༡ པའི་ཚེས་༡ ལུ་འམ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༤ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅིའི་ལོ་ནང་ ལཱ་ག་ཅི་ར་འབད་རུང་ སྐྱེས་ལོ་༣༠ ལང་མི་ ཤིང་བྱི་ལོ་པ་དང་ སྐྱེས་ལོ་༡༤ ལང་མི་ ལྕགས་འབྲུག་ལོ་པ་ཚུ་གིས་ ལས་སྣ་འདྲང་པ་ཅིན་ ལེགས་ཤོམ་ཡོད་རུང་ རབ་འབྱུང་པ་ཅིན་ ཕོ་སྐྱེས་ཚུ་ ལེགས་ཤོམ་འདུག་ཟེར་ཨིན་པས།
དུས་ཅི་ སྦྲུལ་ལོ་པ་ཚུ་ ལོ་ཀག་དང་ བྱ་དང་ གླང་མཐུན་གསུམ་ དེ་ལས་ ཕག་ལོ་པ་ཚུ་ མདུན་ཟུར་ཕོགཔ་ཨིནམ་ལས་ ལོ་ཀག་དང་ མཐུན་གསུམ་ དེ་ལས་ མདུན་ཟུར་ཕོགས་མི་ཚུ་གིས་ ཁག་ཆེ་བའི་ལཱ་ཚུ་འབད་ནི་ལས་ འཛེམ་དགོཔ་ཨིན་པས།
དེ་མ་ཚད་ ཁོང་ཆ་ཁྱབ་ལུ་ ཚ་ཆུ་དང་ སྨན་ཆུ་ཚུ་ རྩ་ལས་ར་ མི་འཕྲོད་ནི་ཨིན་པས།
ཚེ་དབང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་འཁོར་༡༢ ལུ་ མཐུན་གསུམ་དེ་ ལོ་༥ རེའི་རྒྱབ་ལས་ ཚར་རེ་ཕོག་ནི་དང་ མདུན་ཟུར་དེ་ ལོ་༧ རེའི་རྒྱབ་ལས་ ཚར་རེ་ཕོག་ནི་ཨིན་པས།
རང་སོའི་ ལྕོགས་གྲུབ་དང་བསྟུན་པའི་ རིམ་གྲོ་གཞན་ཚུ་གིས་མ་ཚད་ ལོ་ཀག་འབད་མི་ཚུ་གིས་ རིམ་གྲོ་བརྒྱ་བཞི་གཏང་དགོཔ་ད་ མཐུན་༣ ཕོག་མི་ཚུ་གིས་ མཐུན་༣ དེ་ལས་ མདུན་ཟེར་འབད་མི་ཚུ་གིས་ མདུན་ཟུར་མཆོད་དགོཔ་ཨིན་པས།
དམིགས་བསལ་དུ་ གནམ་ལོ་སྦྲུལ་ལུ་སྐྱེས་མི་ ཨ་ལུ་ཚུ་གི་དོན་ལུ་ ཟློག་ཐབས་བཟུམ་ཅིག་སྦེ་ ཤཱཀྱ་ཐུབ་པའི་ སྐུ་འདྲ་བཞེངས་དགོཔ་ད་ དེ་གི་ཕན་ཡོན་གྱིས་ མི་དེ་ ཚེ་ཕྱི་མ་ སྐྱེས་པ་ཕོ་ལུས་འཐོབ་འོང་ཟེར་ རྩིསཔ་ཚེ་དབང་རྒྱལ་མཚན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment