ཁ་ཙ་
མི་དབང་མངའ་ཞབས་མཆོག་དང་
མི་དབང་རྒྱལ་བཙུན་རྣམ་གཉིས་
ཌ་ཀ་རྒྱལ་སྤྱི་གནམ་ཐང་ནང་ཕེབས་ད་
བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོ་
ཌོག་ཊར་དི་པུ་ མོ་ནི་གིས་
ཕེབས་བསུ་ཞུ་ཡོདཔ་ཨིན་པས།
མི་དབང་མཆོག་
བང་ལ་དེཤ་ལུ་ བཞུགས་པའི་སྐབས་
ལྡོག་ཕྱོགས་ཚོགས་པའི་
འགོ་ཁྲིདཔ་དང་
བང་ལ་དེཤ་ནེ་ཤ་ན་ལིསིཊ་ཚོགས་པའི་ཁྲི་འཛིན་
ཨམ་ཁ་ལི་ད་ཟི་ཡ་དང་
སྲིད་དོན་འགོ་ཁྲིདཔ་
ཤེས་རིག་མཁས་མཆོག་ཚུ་གིས་མ་ཚད་པར་
བང་ལ་དེཤ་ལུ་ ཤེས་ཡོན་ལྷབ་མི་
འབྲུག་གི་སློབ་ཕྲུག་ཚུ་དང་ཡང་
མཇལ་ཕྲད་གནང་ནི་གི་
ལས་རིམ་ཡོདཔ་ཨིན་པས།
དེ་མ་ཚད་
མི་དབང་མངའ་ཞབས་མཆོག་གིས་
དར་མ་ར་ཇི་ཀ་ བའུ་ད་བི་ཧར་ཟེར་མི་
བང་ལ་དེཤ་གི་ ནང་པའི་ལྷ་ཁང་ཅིག་ནང་
ཆིབས་བསྐྱོད་གནང་སྟེ་
ཨ་ཏི་ཤ་སྐུ་འདྲ་དང་
ཨ་ཏི་ཤ་མཆོད་རྟེན་བཞེངས་ནི་གི་
འགྱམ་རྡོ་བཙུགས་གནང་ནི་ཨིནམ་ད་
ཌ་ཀ་ལུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ཡང་
གཟིགས་ཞིབ་གནང་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་
གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་
མི་དབང་མངའ་ཞབས་མཆོག་
གསེར་ཁྲིར་མངའ་གསོལ་མཛད་པའི་ཤུལ་ལུ་
ད་རིས་ བང་ལ་དེཤ་ལུ་
གཟིགས་སྐོར་གནང་མི་དེ་
ཐེངས་༢ པ་ཨིན་མི་དེ་ཡང་
ཐེངས་དང་པ་དེ་ སྤྱི་ལོ་༢༠༡༡
ཟླཝ་༣ པའི་ཚེས་༢༦ ལུ་
བང་ལ་དེཤ་རྒྱལ་ཁབ་རང་དབང་རང་བཙན་ཐོབ་སྟེ་
མི་ལོ་༤༠ འཁོར་བའི་
དུས་སྟོན་བརྩི་སྲུང་ཞུ་སར་
སྐུ་མགྲོན་གཙོ་བོ་སྦེ་
བྱོན་གནང་ཡོདཔ་ཨིན་པས།
མི་དབང་མཆོག་དང་
ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོའི་
འགན་འཛིན་པ་
བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་དང་
བསྟན་རྒྱས་དྲུན་ཆེན་
དྲགོས་བསོད་ནམས་ཚེ་རིང་
འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་
གུང་བློན་འོག་མ་ བ་ཀྲོ་ཚེ་རིང་དང་
སྐུ་སྲུང་དམག་སྡེའི་བཀོད་དཔོན་
གུང་བློན་འོག་མ་ དོན་གྲུབ་ཚེ་རིང་
དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་
བྱོན་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་
གཟིགས་སྐོར་ལུ་བརྟེན་
འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ཀྱི་བར་ན་
མཐུན་ལམ་དང་ མཉམ་འབྲེལ་གོང་འཕེལ་གཏང་ནི་ལུ་
ལྷན་ཐབས་འབྱུང་འོང་ཟེར་
ཕྱི་འབྲེལ་ལྷན་ཁག་གི་
གནས་ཚུལ་གསར་བཏོན་ནང་
བཀོད་ཡོད་པའི་གནས་ཚུལ།
![]() |
སྤྱི་ཟླ་༢ པའི་ཚེས་༡༤ ལུ་ མི་དབང་མཆོག་གིས་ བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་དི་པུ་ མོ་ནི་དང་ མཇལ་ཕྲད་གནང་པའི་བསྒང་། |
No comments:
Post a Comment