གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༢༧/༠༢/༢༠༡༣   ༉  རྒྱལ་ཡོངས་ཚོགས་འདུ་ནང་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་༨༥ འབད་མི་ འབྲུག་གི་ལམ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༡༣ ཅན་མའི་གུ་ བསྐྱར་ཞིབ་གྲོས་བསྡུར་འབད་རུང་ དོན་ཚན་༨༥ འི་ནང་ལས་༡༥ ངོས་ལེན་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན།


དབུལ་ཕོངས་མར་ཕབ་ཚོགས་ཆུང་གི་ཁྲི་འཛིན་ གྲུབ་ཐོབ་ཀྱིས་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ རྒྱལ་ཡོངས་ཚོགས་འདུ་ནང་ ལམ་གི་དཔྱད་ཡིག་གུ་ གསུང་གྲོས་གནང་སྟེ་ དོན་ཚན་༤༢ དེ་ཅིག་ འཕྲི་སྣོན་འབད་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་བའི་ཤུལ་ལུ་ དོན་ཚན་༢༡ དེ་ཅིག་ ངོས་ལེན་མཛད་ཡོད་པའི་གྲས་ལས་ དོན་ཚན་༨༥ ལུ་ འཕྲི་སྣོན་མཛད་ནུག་ཟེར་ཞུ་ཡི།
ཚོགས་དཔོན་འོག་མ་ གཡང་ཁུག་ཚེ་རིང་ཤར་པ་གིས་ འཕྲི་སྣོན་མཛད་མི་ དོན་ཚན་༨༥ པོ་དེ་ བཏུབ་དང་མ་བཏུབ་ལུ་ གསུང་གྲོས་གནང་ནི་མ་གཏོགས་ དོན་ཚན་གསརཔ་བཙུགས་ནི་མེད་ཟེར་ གསུངས་མི་དང་འཁྲིལ་ ཚོགས་དམངས་ཀྱིས་ དོན་ཚན་༡༥ ལུ་ ངོས་ལེན་མེདཔ་སྦེ་ ཆ་འཇོག་གྲུབ་ཅི།
རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་ཡུན་རིང་གནང་པའི་སྐབས་ འཕྲི་སྣོན་དཔྱད་ཡིག་༨༥ ཡོད་པའི་གྲས་ལས་ དོན་ཚན་༡༨ པའི་དགོངས་དོན་ལྟར་ གོང་གསལ་ཁྲིམས་དོན་ཚུ་ལུ་ ཕྱོགས་ལྷུང་མེད་པར་ དོན་ཚན་༡༥ པའི་འོག་ལུ་ ལམ་གང་རུང་ཅིག་གི་ མིང་བཏགས་ནི་དང་ ཡང་ཅིན་ མིང་སོར་ནི་དང་འབྲེལ་བའི་བཀའ་རྒྱ་ལུ་ ལམ་སེལ་ལས་ཁུངས་ཀྱིས་ གནང་བ་གནང་དགོ་ཟེར་ འཁོད་ཡོད་མི་དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཕྱིར་འབུད་བཏང་མི་ལུ་ མ་བཏུབ་སྦེ་ འཐུས་མི་ཚུ་གིས་ཞུ་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ དོན་ཚན་དེ་ཧྲིལ་པོར་ བཅའ་ཁྲིམས་ནང་བཙུགས་པ་ཅིན་ དུམ་གྲ་ཅིག་ དཀའ་ངལ་འཐོན་ནི་ཨིནམ་ལས་ བྱ་བའི་གནད་སྤྱོད་ནང་བཙུགས་པ་ཅིན་ ཤུལ་ལས་ དོན་ཚན་བསྒྱུར་བཅོས་འབད་དགོཔ་འཐོན་རུང་ དཀའ་ངལ་མེདཔ་སྦེ་ འབད་ཚུགས་ནིའི་འོས་འབབ་ཡོད་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་མི་ལུ་ ངོས་ལེན་ཡོདཔ་སྦེ་ཞུ་ཡི།
ཆུ་ཁའི་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ དོན་ཚན་དེ་ བཅའ་ཁྲིམས་ནང་མེན་པར་ བྱ་བའི་གནད་སྤྱོད་ནང་ བཙུགས་རུང་བཏུབ་ནི་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ ལམ་གྱི་མིང་ཚུ་ཡང་ རྩི་རང་དང་ ཐིམ་ཕུ་ སྤ་རོ་ དབང་འདུས་ལུ་འགྱོ་དགོ་མནོ་རུང་ མིང་བཏགས་ཏེ་ཡོད་ནི་དེ་གིས་ སྟབས་མ་བདེཝ་མིན་འདུག་ཟེར་ཞུ་ཡི།
ད་ལྟོ་ གཡུས་སྒོའི་ལམ་རེ་རེ་ལུ་ མིང་རེ་རེ་བཏགས་དགོ་པའི་ གནས་སྟངས་མ་བྱུངམ་མ་ཚད་ ཤུལ་ལས་ མིང་བཏགས་དགོ་པའི་ དཀའ་ངལ་ཡང་ མི་འབྱུང་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ན་ཧིང་ ཚོགས་ཁང་ནང་ གསུང་གྲོས་གནང་པའི་སྐབས་ དོན་ཚན་དེ་ལུ་ ད་རིས་བཟུམ་སྦེ་ར་ གནས་སྟངས་མ་འབྱུང་པར་ ལེགས་ཤོམ་སྦེ་ ཆ་འཇོག་གྲུབ་མི་དེ་ སེམས་ཁར་བཞག་དགོ་ཟེར་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ཞུ་ཡོདཔ་བཞིན་དུ་ དོན་ཚན་༡༨ པ་ རང་འཇགས་བཞག་དགོ་མི་དེ་ སྣུམ་འཁོར་ལམ་མེད་པ་ཅིན་ ཤུལ་ལས་ འབྲེལ་ཡོད་ལས་ཁུངས་དང་ ལྷན་ཁག་ཚུ་ལས་ ཡི་གུ་རེ་ གཏང་དགོཔ་འཐོན་པའི་སྐབས་ དཀའ་ངལ་བསལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཐིམ་ཕུ་བཟུམ་ཅིག་འབད་རུང་ ག་ཏེ་ཡང་ ལམ་གྱི་མིང་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡོད་རུང་ དོན་ཚན་དེ་ མ་དགོཔ་འདྲཝ་ཅིག་འབད་བ་ཅིན་ ག་ཏེ་འགྱོ་ཡི་ཟེར་ དྲི་བ་བཀོད་མི་འཐོན་པ་ཅིན་ མིང་མེད་པའི་ལམ་བདའ་སྟེ་ སོང་ཡི་ཟེར་ སླབ་ནི་ཨིན་ན་ཟེར་ཞུ་ཡི།
བྱ་བའི་གནད་སྤྱོད་ནང་བཞག་མི་དེ་ མི་སེར་ཚུ་གིས་ ཁོང་རའི་ དང་འདོད་དང་འཁྲིལ་ མིང་བཏགས་ནི་དང་ སོར་ནི་ཚུ་ འབྲེལ་ཡོད་ས་གནས་གཞུང་དང་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་འབད་དེ་ ལྷན་ཁག་དང་ ལས་ཁུངས་ལུ་ གནང་བ་ཕུལ་ནི་དེ་ སྟབས་བདེ་ཏོག་ཏོ་མཐོང་ནི་དེ་གིས་ཨིན་ཟེར་ཞུ་ཡི།
བུམ་ཐང་ཆུ་སྨད་ཀྱི་འཐུས་མི་ ཀརྨ་དབང་ཕྱུག་གིས་ དོན་ཚན་༡༥ དང་༡༨ པོ་དེ་ འབྲེལ་བ་ཡོད་ནི་དེ་གིས་ དགོཔ་སྦེ་ཞུ་མི་དེ་ བྱ་བའི་གནད་སྤྱོད་ནང་ བཀོད་ནི་ཨིན་ཟེར་ ཚོགས་ཆུང་གི་ཁ་ཐུག་ལས་ གསལ་ཞུ་འབད་མི་དེ་ཡང་ ཁྲིམས་ག་ཅི་ར་བརྩམ་རུང་ བྱ་བའི་གནད་སྤྱོད་ནང་ བཙུགས་ནི་ཟེར་ཞུ་ཡོད་རུང་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་བཟོ་མི་ མི་སོ་སོ་འབད་ནི་དེ་གིས་ འཐུས་མི་ཚུ་ག་ཡང་ དེ་ནང་འབྲེལ་གཏོགས་འབད་ནི་མེདཔ་ལས་ ཁོང་གིས་ བྱ་བའི་གནད་སྤྱོད་ནང་ བཙུགས་མི་བཙུགས་ཤེས་ཚུགས་པར་ ལཱ་ཁག་ཡོདཔ་ལས་ དོན་ཚན་དེ་ རང་འཇགས་བཞག་དགོཔ་སྦེ་ཞུ་ཡི།
ཚོགས་ཁང་ནང་ འཐུས་མི་མང་ཤོས་ཅིག་གིས་ དོན་ཚན་དེ་ རང་འཇགས་བཞག་དགོཔ་སྦེ་ ཞུ་མི་ལུ་བརྟེན་ ཆ་འཇོག་གྲུབ་གནང་ཡི།
ཕུན་ཚོགས་གླིང་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་༡༤༦ ཅན་མའི་ནང་ རྒྱལ་ཡོངས་གཞུང་ལམ་གྱི་ ཐོབ་དབང་ས་ཁོངས་དེ་ ལམ་གྱི་སྦུག་ཐིག་ལས་ གཡས་གཡོན་ལུ་ཕིཊ་༥༠ བཞག་མི་དེ་ བསྒྱུར་བཅོས་འབད་ཞིནམ་ལས་ ཕིཊ་༣༠ ལུ་བཟོ་མི་དེ་ མི་བཏུབ་པས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཕིཊ་༥༠ བཞག་མི་དེ་ སྤྱི་ཚོགས་དང་པའི་ཧེ་མར་ ཁྲིམས་ལུགས་བཟོ་མི་དང་འཁྲིལ་ ལམ་ལུགས་ནང་བཙུགས་ཡོདཔ་ད་ མ་འོངས་པ་ལུ་ མི་རློབས་ཡར་སེང་འགྱོཝ་དང་འབྲེལ་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་འགྱོ་ནི་ཨིནམ་ལས་ ལམ་རྒྱ་བསྐྱེད་འབད་དགོཔ་ འཐོན་འོང་ཟེར་ཞུ་ཡི།
ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་གཞུང་ལམ་དེ་ ད་ལྟོ་ གཉིས་སྦྲེལ་གཞུང་ལམ་ཨིན་རུང་ མ་འོངས་པ་ལུ་ དཔལ་འབྱོར་གྱི་གནས་ཚད་ཡར་དྲག་འགྱོཝ་དང་བསྟུན་ ཕྱི་ཁའི་བཟུམ་སྦེ་ བཞི་སྦྲེལ་གཞུང་ལམ་ བཟོ་སྐྲུན་འབད་དགོཔ་འཐོན་ནི་ཨིནམ་ལས་ ཕིཊ་༥༠ ཡན་ཆད་ ཡར་སེང་འབད་ནི་མ་གཏོགས་ མར་ཕབ་རྐྱབ་ནི་གི་ འོས་འབབ་མེདཔ་ལས་ རང་འཇགས་བཞག་དགོ་པའི་ཞུ་བ་ཕུལ་ཡི།
ཀྲོང་གསར་གྱི་འཐུས་མི་ རིན་ཆེན་རྡོ་རྗེ་གིས་ དོན་ཚན་དེ་ བསྒྱུར་བཅོས་རྐྱབ་མི་ལུ་ ཁེ་རྒུད་མ་བཏུབ་མི་དེ་ ཕིཊ་༥༠ བཞག་ནི་ཟེར་འཁོད་ཡོད་མི་དེ་ རྒྱལ་ཡོངས་ཀྱི་གཞུང་ལམ་ཨིནམ་ད་ གཞན་དལ་གཞི་ རྒྱལ་ཡོངས་ཚོགས་སྡེ་གིས་ རྫོང་ཁག་གི་ འཁོར་ལམ་རྒྱ་ཚད་དེ་ མར་ཕབ་ནི་མེན་པར་ རང་འཇགས་བཞག་སྟེ་ གཞུང་ལམ་མར་ཕབ་རྐྱབ་མི་དེ་ལུ་ མ་བཏུབ་པའི་ བསམ་འཆར་ཞུ་ཡོདཔ་བཞིན་དུ་ ཚོགས་དཔོན་འོག་མ་གིས་ ཟིན་བྲིས་ལྟར་དུ་ ཆ་འཇོག་གྲུབ་གནང་ཡི།
རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༣ ཅན་མ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

                                                                                        བཀྲིས་ཕུན་ཚོགས།

No comments:

Post a Comment