གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༨/༢/༢༠༡༣   གོ་གནས་ཐོག་ལུ་ བཙག་འཐུའི་བྱ་རིམ་ནང་ ལོག་འབྲེལ་གཏོགས་འབད་ནིའི་འོས་འབབ།
༉ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་ མཐའན་མཇུག་གི་ ཚོགས་ཐེངས་དེ་ སྤྱི་ཟླ་༢ པའི་ཚེས་༦ ལུ་ མི་དབང་ཡབ་སྲས་རྣམ་༢ ལུ་ གུས་བཏུད་དང་ ལས་སྡེ་ཡོངས་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཐོག་ལས་ མཇུག་བསྡུཝ་དང་གཅིག་ཁར་ འཐུས་མི་ཚུ་གིས་ ཤུལ་མའི་བཙག་འཐུའི་ནང་ ནན་བསྐྱར་དུ་ དོ་འགྲན་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།


མ་གཞི་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་འབྲེལ་ཚོགས་རིམ་མཇུག་བསྡུ་ཡོད་རུང་ འཐུས་མི་ཚུ་གི་ གནས་ཡུན་ལོ་༥ འདི་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་རྐྱངམ་གཅིག་ ཚང་ནི་ཨིནམ་ལས་ སྤྱིར་བཏང་གིས་ གོ་དོན་ལེན་དོ་བཟུམ་འབད་བ་ཅིན་ གོ་གནས་གུ་ཡོད་མི་ འཐུས་མི་ཚུ་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་མི་ཆོག་ནི་བཟུམ་ ཚོར་སྣང་བྱུངམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་བཙན་ཀྱི་ བསྐྱར་ཞིབ་ཚོགས་ཁང་ཅིག་ཨིན་མི་ རྒྱལ་ཡོངས་ཚོངས་སྡེ་དེ་ རང་སོའི་གནས་ཡུན་ཚང་བའི་ ཚེས་གྲངས་དེ་ཁར་ བསྐྱར་འཛུགས་འགྲུབ་དགོཔ་སྦེ་ འཁོད་ཡོད་ནི་དེ་གིས་ཨིན་མས།
འདི་འབདཝ་ད་ ད་ལྟོའི་ འཐུས་མི་ཚུ་གིས་ རྩོད་འགྲན་འབད་དོ་བཟུམ་ གནས་ཡུན་ལོ་༥ ཧྲིལ་བུ་ཚང་དགོཔ་སྦེ་ རྩ་ཁྲིམས་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ནང་ གསལ་བཀོད་འབད་ཡོདཔ་ཨིན་རུང་ གོ་གནས་ཐོག་ལུ་ཡོད་མི་ འཐུས་མི་ཚུ་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོག་མི་ཆོག་གི་སྐོར་ལས་ གསལ་བཀོད་འབད་འབདཝ་ ག་ནི་ཡང་མེད་མི་ལུ་ལྟཝ་ད་ གོ་གནས་ཐོག་ལུ་ ལོག་དོ་འགྲན་འབད་ཆོགཔ་བཟུམ་སྦེ་ མཐོང་གསལ་བྱུངམ་མས།
སྤྱིར་བཏང་ལུ་ ཁྲིམས་ཀྱི་གོ་དོན་འགྲེལ་བཤད་གནང་ནིའི་ འགན་ཁུར་དེ་ རྩ་ཁྲིམས་ཆེན་མོ་ གཞི་འཛིན་དང་ དེ་གི་དོན་འགྲེལ་མཐའ་བཅད་ཀྱི་ དབང་འཛིན་ཨིན་མི་ མངོན་མཐོ་ཁྲིམས་འདུན་ལུ་ཨིནམ་ལས་ འདི་བཟུམ་མའི་ ཚུལ་འཛིན་འབད་ནི་གི་ འོས་འབབ་མེདཔ་ཨིན་རུང་ ད་རིས་ བཙག་འཐུའི་བྱ་རིམ་ ན་འཐན་རན་པའི་ ནམ་དུས་ལུ་ ག་ར་མགུ་འཐོམ་ཡོད་པའི་ ཁྲིམས་ཀྱི་གོ་དོན་ཚུ་ དོགས་སེལ་གནང་དགོཔ་འདི་གལ་ཆེ།
དེ་སྦེ་ གལ་ཆེ་མི་དེ་ཡང་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུའི་ནང་ ནན་བསྐྱར་དུ་ བཅའ་མར་གཏོགས་ནིའི་དོན་ལུ་ གནས་ཡུན་ལོ་༥ མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ སྤྱི་ཚོགས་འཐུས་མིའི་ ཐོབ་ཐངས་བཅའ་ཁྲིམས་དང་འཁྲིལ་ དགོངས་ཞུའི་གསོལ་རས་མི་འཐོབ་ནི་མས་ཟེར་ ཚ་གྱང་ཡོད་ནི་དེ་གིས་ ཚོགས་སྡེའི་འཐུས་མི་མང་ཤོས་ར་ ད་ལྟོ་ ཐག་བཏོག་མ་ཚུགས་པར་སྡོད་པའི་ ལོ་རྒྱུས་ཡང་གོཝ་མས།
གནས་ཡུན་ལོ་ལྔ་ཧྲིལ་བུའི་ དོན་འགྲེལ་ཐོག་ གོ་གནས་ཁར་ཡོད་མི་ འཐུས་མི་ཚུ་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་པའི་ གསལ་བསྒྲགས་གནངམ་དང་གཅིག་ཁར་ རང་སོའི་རྫོང་ཁག་ནང་ མི་སེར་ཚུ་ལུ་ ངོ་སྤྲོད་དང་ བསྐུལ་བསྒྲགས་འབད་བར་ འགྱོ་བའི་སྐབས་ལུ་ གཞུང་ལས་ འགྲུལ་འཐུས་དང་ ཉིན་འཐུས་ལ་སོགས་པ་ཚུ་ ཐོབ་བརྗོད་བཀོད་མ་ཆོགཔ་ བཟོ་དགོ་མི་དེ་ཡང་ འདེམས་ངོ་གསརཔ་ཐོན་མི་ཚུ་དང་ དབྱེ་བ་མེདཔ་སྦེ་ འབྲེལ་གཏོགས་འབད་ཐབས་ལུ་ཨིན།
དེ་དང་གཅིག་ཁར་ བསྐུལ་བསྒྲགས་ཀྱི་དོན་ལུ་ རང་སོའི་རྫོང་ཁག་ཚུ་ནང་འགྱོཝ་ད་ འཐུས་མི་སྦེ་མིན་པར་ རང་སོའི་དཔའ་རྟགས་དང་ བཀབ་ནེ་བཞག་སྟེ་ སྤྱིར་བཏང་གི་ མི་སེར་སྦེ་ ངོ་སྤྲོད་འབད་དགོཔ་དེ་ཡང་ཁག་ཆེ།
ཨིན་རུང་ མགུ་འཐོམ་བྱུང་པའི་ གནད་དོན་ཚུ་ སྤྱི་ཟླ་༣ པའི་ཚེས་༦ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་མཇུག་བསྡུའི་རྟེན་འབྲེལ་སྐབས་ གསལ་བསྒྲགས་གནང་ནི་གི་ འོས་འབབ་སྦོམ་ཡོདཔ་བཞིན་དུ་ གལ་སྲིད་ གཞུང་དེ་ཡང་ གནས་ཡུན་མ་ཚངམ་ལས་ ཧ་སུ་སྦེ་ རྩ་གྲོལ་གཏང་རུང་ དེ་བསྒང་ལས་ ཧ་གོ་ཚུགས་ཟེར་ ཞུ་ནི་ཨིན།

No comments:

Post a Comment