གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་ ལྡོག་ཕྱོགས་འཐུས་མི་ཚུ་གི་ འདེམས་ཁོངས་ཚུ་ནང་ རྒྱབ་སྐྱོར་གནང་དགོཔ།

 ༢༡/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༩ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་གྱི་ དྲི་བ་༢ པམ་དེ་ ཧཱ་གསང་སྦས་ཁའི་ འཁོར་ལམ་གྱི་སྐོར་ལས་བཀོད་པའི་སྐབས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱི་བར་ན་ རྩོད་བསྡུར་དམ་དམ་འབད་ཡི།


དེ་ཡང་ དྲི་བ་ཞུ་མི་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཀི་ལོ་མི་ཊར་༣༣ དེ་ཅིག་འབད་མི་ གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་བར་ནའི་ འཁོར་ལམ་དེ་ བསལ་ནི་འགོ་བཙུགས་ཏེ་ ལོ་༣ དེ་ཅིག་ལང་དོ་ཡོདཔ་ཨིན་རུང་ ད་ལྟོ་ཡང་ མཇུག་བསྡུ་མ་ཚུགས་པར་ཡོད་མི་དེ་ ག་ཅི་སྦེ་ཨིན་ན་ཟེར་བའི་ དྲི་བ་བཀོད་ཡོདཔ་ད་ དེ་ལུ་ སོ་ནམ་བློན་པོ་དང་ ཞབས་ཏོག་བློན་པོ་༢ ཀྱིས་ དོགས་སལ་འབད་བའི་ཤུལ་ལུ་ གྲོས་བསྡུར་དེ་ སྲིད་ཚོགས་ཀྱི་ཐོག་ལུ་བྱུང་ཡི།
དེ་བསྒང་ དགོན་ཁ་སྟོད་དང་ ལ་ཡའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ སོ་ནམ་བློན་པོ་གིས་ ཞུ་དོ་བཟུམ་སྦེ་ གསང་སྦས་ཁ་ལུ་ འཁོར་ལམ་ཀི་ལོ་མི་ཊར་༨༠ དེ་ཅིག་ བསལ་དགོཔ་སྦེ་ འཆར་གཞིའི་ནང་ ཚུད་ཡོད་ས་ལས་ ད་ལྟོའི་བར་ན་ཡང་ ཀི་ལོ་མི་ཊར་༣༣ ཡང་ སལ་མ་ཚུགས་མི་ལུ་ལྟ་བ་ཅིན་ ལོ་༥ འི་ནང་འཁོད་ལུ་ ལཱ་གི་གྲུབ་འབྲས་ བརྒྱ་ཆ་༥༠ ཡང་ ཐོན་མ་ཚུགས་པའི་ རྟགས་མཚན་ཨིནམ་ལས་ དེ་ལུ་ ཚ་གྱང་ལང་དགོཔ་སྦོམ་འདུག་ཟེར་ཞུ་ཡི།
དེ་མ་ཚད་ གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་ལམ་དེ་ ད་ལྟོ་ཡང་ མཇུག་བསྡུཝ་སྦེ་ བསལ་མ་བྱིན་མི་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ འདེམས་ཁོངས་ནང་འབད་ནི་དེ་གིས་ ཨིན་མས་ཟེར་བའི་ལོ་རྒྱུས་ཚུ་ མི་སེར་ཚུ་གིས་ བཤདཔ་མས་ཟེར་ཞུ་ནི།
དེ་བཟུམ་མའི་ གནད་དོན་ཚུ་ ང་རའི་འདེམས་ཁོངས་ནང་ཡང་ ཐོན་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ སྤྱི་ཚོགས་ནང་ མ་ཞུ་ཟེར་ དམ་ཆོས་རྡོ་རྗེ་གིས་ཞུ་ཡི།
མི་སེར་ཚུ་གིས་ མནོ་ཐངས་ཚུ་ལུ་ བལྟ་བ་ཅིན་ གཞུང་གི་ཁ་ཐུག་ལས་ ལྡོག་ཕྱོགས་འཐུས་མི་ཚུ་གི་ འདེམས་ཁོངས་ཚུ་ནང་ ཚ་གྱང་ཐེབས་ཅིག་བཞེས་ཏེ་ ཕྱག་ལཱ་གནང་དགོཔ་ཅིག་སྦེ་ མཐོང་དོ་ཡོདཔ་ད་ ཕྱག་ལཱ་དུམ་གྲ་ཅིག་ མ་མཛད་པ་ཅི་ མི་སེར་ཚུ་གིས་ ཕྲངམ་ཕྲང་ས་ར་ འཐུས་མི་དེ་ ལྡོག་ཕྱོགས་ཚོགས་པའི་ནང་ འབད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་བའི་ མནོ་བསམ་བཏང་དོ་ ཡོད་མི་ལུ་བརྟེན་ཨིན་ཟེར་ ཚོགས་དམངས་ལུ་ གསལ་ཞུ་འབད་ཡི།
ཨིན་རུང་ ང་བཅས་ཀྱིས་ མི་སེར་ཚུ་ལུ་ གཞུང་དེ་ སྤྱིར་བཏང་གི་ གཞུང་ཨིནམ་ལས་ དམིགས་བསལ་དུ་ ད་རེས་ཀྱི་གཞུང་གིས་ ཉེ་རིང་གི་ཕྱག་ལཱ་ཚུ་ རྩ་ལས་ར་ མི་མཛད་ཟེར་བའི་ གོ་བརྡ་སྤེལ་བྱིན་དོ་ཟེར་ཞུ་ཡི།
ཁོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ང་བཅས་ལྡོག་ཕྱོགས་འཐུས་མི་ཚུ་གིས་ མི་སེར་ཚུ་གི་ དཀའ་ངལ་ཚུ་ སྤྱི་ཚོགས་ནང་ ཞུ་བའི་སྐབས་ གཞུང་གིས་ བྱ་སྟབས་མ་བདེཝ་ ལེ་ཤ་ཡོད་པའི་སྐོར་ལས་ སལ་ཞུ་འབད་དོ་ཡོདཔ་བཞིན་དུ་ དེ་ཚུ་ ང་བཅས་ཀྱིས་ཡང་ མིག་གིས་མཐོང་ས་ འབད་ནི་དེ་གིས་ ལོག་སོང་སྟེ་ མི་སེར་ཚུ་ལུ་ གཞུང་གི་དཀའ་ངལ་ཚུ་གི་སྐོར་ལས་ བཤད་དེ་བྱིན་དོ་ཡོདཔ་ཨིནརུང་ ས་གནས་ཚུ་ནང་ བློན་ཆེན་ཁོ་ར་བྱོན་པའི་སྐབས་ དཀའ་ངལ་ཚུ་ བསལ་ཐབས་བྱིན་དོ་ཡོདཔ་ལས་ ང་བཅས་ཀྱིས་ མི་སེར་ཚུ་ལུ་ ཤོབ་རྐྱབ་རྐྱབ་བཟུམ་ཅིག་ལུ་ཡང་ འགྱུར་དོ་ཟེར་ཨིན་པས།
དམངས་གཙོའི་རྒྱལ་ཁབ་ ག་ཏེ་ར་འབད་རུང་ དམངས་གཙོའི་རིང་ལུགས་ནང་ ལྡོག་ཕྱོགས་ཚོགས་པ་དེ་ ཁག་ཆེཝ་མ་ཚད་ དམིགས་བསལ་ ང་བཅས་རའི་རྒྱལ་ཁབ་ནང་ ད་ལྟོ་ དམངས་གཙོའི་གཞུང་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ གཞུང་སྐྱོང་གི་ཁ་ཐུག་ལས་ ལྡོག་ཕྱོགས་ཚོགས་པ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་གནང་དགོཔ་དེ་ ཁག་ཆེ་བས་ཟེར་ཞུ་ཡི།
གལ་སྲིད་ གཞུང་སྐྱོང་གིས་ ལྡོག་ཕྱོགས་ཚོགས་པ་དང་ ཚོགས་པའི་འཐུས་མི་ དེ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ ག་ལུ་འབད་རུང་ དབྱེ་རིམ་གྱི་རྟགས་ཚན་ ཆུང་ཀུ་ཅིག་ར་བཏོན་རུང་ མ་འོངས་པར་ དམངས་གཙོའི་རིང་ལུགས་ལུ་ ཐོ་སྦོམ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ཞུ་ཡི།
ཨིན་རུང་ དེ་སྦེ་ཞུཝ་ད་ ང་བཅས་ ལྡོག་ཕྱོགས་ཀྱི་ འཐུས་མི་གཉིས་ ཁག་ཆེ་ཟེརཝ་ རྩ་ལས་ར་མེན་པར་ མ་འོངས་པའི་གནས་སྟངས་ལུ་བལྟ་སྟེ་ ཞུཝ་ཨིན་ཟེར་ཨིནཔས།
དམ་ཆོས་རྡོ་རྗེ་གིས་ ཁག་འབག་གི་ ལཱ་ར་འབད་རུང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་བརྒྱུད་དེ་འགྱོ་བ་ཅིན་ ལཱ་ག་ཅི་ར་འབད་རུང་ ལེགས་ཤོམ་འགྱོ་བཏུབ་པས་ཟེར་བའི་ བསམ་བཤད་ཚུ་ཡང་ བྱུང་དོ་ཡོདཔ་ལས་ ད་རེས་ དེ་སྦེ་ཞུ་དགོ་མི་དེ་ གཞུང་ལུ་ཁ་བཏངམ་མེན་པར་ དྲན་གསོ་བཟུམ་ཅིག་སྦེ་ ཞུཝ་ཨིན་ཟེར་ཞུ་ཡི།
དེ་ལུ་ ལྷུན་རྩེ་ སྒང་ཟུར་སྨིན་རྒྱས་ཀྱི་འཐུས་མི་ ཀརྨ་རང་གྲོལ་གྱིས་ རང་སོའི་འདེམས་ཁོངས་ནང་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་དགོ་པ་ཅིན་ འཐུས་མི་རང་ར་སོ་སོ་གིས་ བཀབ་ནེ་བཀབ་ཐོག་ལས་ ལྷན་ཁག་ཚུ་ནང་སོང་སྟེ་ ཨུ་ཚུགས་བསྐྱེད་དགོཔ་ད་ དེ་མེན་པ་ཅིན་ གཞུང་ལུ་ཕྱག་ལཱ་མང་ནི་དེ་གིས་ འཛགས་ལུས་ཤོར་འོང་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཁོ་རའི་འདེམས་ཁོངས་ནང་ འཆར་གཞི་གི་ལཱ་ཚུ་ ག་ར་མཇུག་བསྡུ་སྟེ་ འཆར་གཞི་ནང་མེད་པའི་ ལམ་༥ དེ་ཅིག་ཡང་ བསལ་ཚར་ཡི་ཟེར་ཨིནམ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ཁོ་ར་གིས་ དེ་བཟུམ་མའི་ལཱ་ཚུ་ མ་མཛད་པར་ བཞག་བཞགཔ་འོང་ནི་དང་ གལ་སྲིད་ དེ་སྦེ་མཛད་པ་ཅིན་ ལཱ་གི་གྲུབ་འབྲས་ ལེགས་ཤོམ་ཐོན་ཐོནམ་འོང་ཟེར་ཨིན་པས།
ཀརྨ་རང་གྲོལ་གྱིས་འབད་བ་ཅིན་ དམ་ཆོས་རྡོ་རྗེ་གིས་ ཞུ་དོ་བཟུམ་སྦེ་ གཞུང་སྐྱོང་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞན་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་ལུ་ གྲོགས་རམ་འབད་དོ་ཡོད་པའི་ ཉོགས་བཤད་བཀོད་མི་ཡང་ ཐོན་དོ་ཡོདཔ་ཨིན་རུང་ གཞུང་གིས་ དེ་བཟུམ་མའི་ ཆགས་སྡང་ཕྱོགས་རིས་ཀྱི་ལཱ་ཚུ་ རྩ་ལས་ར་ འབད་འབདཝ་མེད་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་མིའི་ནང་ ང་གིས་ ཡིག་ཚང་ག་ཏེ་དང་ ག་ཏེ་ར་སོང་ཡོདཔ་ཨིན་ན་ གཞན་གྱིས་མི་ཤེས་ཟེར་ཨིནམ་ད་ ལྷན་ཁག་ལ་ལུ་ཅིག་ལུ་ ཁོ་གིས་ ཡི་གུ་ཚུ་བྲིས་རུང་ ལན་གསལ་ཡང་ གནང་མ་བཏུབ་ལས་ ལཱ་དེ་ལུ་ ཡི་གུ་འབྲི་ནི་དེ་ཡང་ ཁུངས་མིན་འདུག་མནོ་སྟེ་ ཡི་གུ་བྲི་ནི་ཡང་ བཤོལ་བཞག་འབད་ཡི་ཟེར་ཨིན་པས།
གཞན་འབད་བ་ཅིན་ གསུང་གྲོས་ཚུ་ དབུ་ཕང་མཐོ་བའི་ སྤྱི་ཚོགས་ནང་ གནང་ཐོག་ལས་ གྲོས་ཐག་བཅད་བཅདཔ་ འབད་ནི་དེ་གིས་ ལོགས་སུ་སྦེ་ ལྷན་ཁག་ཚུ་ནང་སོང་སྟེ་ ལོ་རྒྱུས་སླབ་དགོ་པའི་ འོས་འབབ་ མི་མཐོང་པས་ཟེར་ཞུཡི།
ཨིན་རུང་ གསང་སྦས་ཁའི་ལམ་དེ་ འཆར་གཞི་༡༠ པའི་ནང་ར་ མཇུག་བསྡུ་ཚུགསཔ་སྦེ་ མཛད་གནང་དགོཔ་སྦེ་ཞུ་ཡི།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ གཞུང་གིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱི་བར་ན་ ཆགས་སྡང་ཕྱོགས་རིས་ཚུ་ རྩ་ལས་མི་མཛད་དོ་ཡོདཔ་ལས་ འཐུས་མི་རང་སོའི་ ལྕོགས་གྲུབ་དང་འཁྲིལ་ གོ་སྐབས་ཚུ་ འདྲ་མཉམ་སྦེ་ འཐོབ་དགོ་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ ཞུ་དོ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ཡང་ དེ་བཟུམ་མའི་ ཉེ་རིང་གི་ལ་རྒྱུས་ཚུ་ སླབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ རྩ་ལས་ར་ སླབ་མ་བཏུབ་བའི་ ཁ་བཀོད་བྱིན་དོ་ཟེར་ཞུ་ཡི།

ཨིན་རུང་ གསང་སྦས་ཁའི་ལམ་དེ་ འཆར་གཞི་༡༠ པའི་ནང་ར་ མཇུག་བསྡུ་མ་ཚུགས་ཏེ་འབད་རུང་ འཕྲོ་མཐུད་དེ་ ལཱ་འབད་དེ་ར་ སྡོད་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཉི་མ་དབང་འདུས།

No comments:

Post a Comment

Post a Comment