གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་ཡེཀ་མེདཔ་ཤོར་མི་ལུ་བརྟེན་ གསུང་གྲོས་མཚམས་འཇོག་འབད་དགོཔ་ཐོན་ཡོདཔ།

༡༩/༢/༢༠༡༣    ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་༢༠༡༢ ཅན་མའི་ ལྷག་ཐེངས་༣ པའི་ གསུང་གྲོས་གནང་པའི་སྐབས་ གློག་ཆས་མ་ཡེཀ་ ཚར་༢ མེདཔ་ཤོར་མི་ལུ་བརྟེན་ གསུང་གྲོས་མཇུག་བསྡུ་དགོཔ་ཐོན་ཡི།


དེ་ཡང་ ཐེངས་དང་པ་དེ་ དྲོ་པའི་ཆུ་ཚོད་༡༠ དང་ སྐར་མ་༣༧ དེ་ཅིག་ལུ་ བྱུང་ཡོདཔ་ལས་ དྲོ་པ་གི་ གསོལ་ཇའི་བརམ་གི་ དུས་ཚོད་མ་རན་རུང་ བརམ་འགྲོལ་དགོཔ་ཐོན་ཡོདཔ་ཨིན་རུང་ སྐར་མ་༨ དེ་ཅིག་གི་རྒྱབ་ལས་ ཉམས་བཅོས་འབད་ཚུགས་ཅི།
དེ་གི་ཤུལ་ལས་ གསུང་གྲོས་ཚུ་ འཕྲོ་མཐུད་གནང་སྟེ་ ཉིན་མའི་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ཁར་ ལོག་སྟེ་ར་ མ་ཡེཀ་མེདཔ་ཐལ་མི་ལུ་བརྟེན་ གསུང་གྲོས་མཚམས་འཇོག་འབད་དགོཔ་ཐོན་ཡི།
དེ་བསྒང་ མ་ཡེཀ་གཞན་ཚུ་ ལག་ལེན་འཐབ་མ་བཏུབ་ཐལ་སོ་རུང་ ཚོགས་དཔོན་གྱི་ གདོང་ཁར་ཡོད་པའི་མ་ཡེཀ་དེ་ ལག་ལེན་འཐབ་བཏུབ་ཅི།
འཕྲུལ་ཆས་ཀྱི་ བྱ་སྟབས་མ་བདེཝ་ འགོ་དང་པ་ཐོན་པའི་སྐབས་ ཚོགས་དཔོན་འོགམ་ གཡང་ཁུག་ཚེ་རིང་གིས་ གལ་སྲིད་ མ་ཡེཀ་ལག་ལེན་འཐབ་མ་བཏུབ་པ་ཅིན་ གསུང་གྲོས་གནང་མི་ཚུ་ སྒྲ་བཟུང་འབད་མི་ཚུགས་ཟེར་ གསུངས་ཡོདཔ་བཞིན་དུ་ དཀའ་ངལ་དེ་ ལོག་ཐོན་མི་ལུ་བརྟེན་ གསུང་གྲོས་མཇུག་བསྡུ་གནང་ཡི།
དེ་ལུ་ རྒྱལ་ཡོངས་ཚོགས་འདུའི་ བརྡ་བརྒྱུད་འགོ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ མ་ཡེཀ་གི་ རྒྱུན་ཐག་ཚུ་ ད་རེས་ཁམས་ཅིག་ཁར་ བྱི་ཙི་ཚུ་གིས་ བཟའ་ཡོདཔ་ལས་ རྒྱ་གར་ལས་ འཕྲུལ་རིགཔ་ཚུ་ཁྱིད་འོང་སྟེ་ ཉམས་བཅོས་འབད་ཡོདཔ་ཨིན་རུང་ ཁ་ཙ་ ལོག་སྟེ་ར་ མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱུན་ཐག་ཚུ་ ལོག་ཉམས་བཅོས་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ དེ་བཟུམ་མའི་ དཀའ་ངལ་ཚུ་ མི་ཐོན་པའི་ རེ་བ་ཡོད་ཟེར་ཨིན་པས།
གསུང་གྲོས་གནང་པའི་སྐབས་ དཔྱད་ཡིག་གི་ ལེའུ་དང་པའི་ དོན་ཚན་༣ པའི་ནང་འཁོད་མི་ དཔྱད་ཡིག་གི་ཁྱབ་ཚད་དང་ གཞན་ཡང་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་ལྟེ་བའི་ རང་དབང་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ རྒྱས་པར་གནང་ཡི།
དཔྱད་ཡིག་གི་ ལེའུ་དང་པའི་ནང་ དཔྱད་ཡིག་གི་ཁྱབ་ཚད་དེ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ ས་ཁྱོན་ཡོངས་ལུ་དང་ ཡང་ན་ འབྲུག་གི་དབང་ཁྱབ་ཡོད་པའི་ ནང་འཁོད་ལུ་ཁྱབ་ནི་ཨིན་ཟེར་ བཀོད་ཡོད་མི་ལུ་ འཐུས་མི་ལ་ལུ་ཅིག་གིས་ བཅའ་ཁྲིམས་དེ་གིས་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ནང་ ཁྱབ་དགོཔ་སྦེ་ བཟོ་དགོ་ཟེར་ཞུ་ཡོདཔ་ད་ ལ་ལུ་ཅིག་གིས་ འབྲུག་རྒྱལ་ཁབ་དང་ འབྲུག་གི་དབང་ཁྱབ་ཡོད་པའི་ ས་ཁོངས་ནང་འཁོད་ལུ་ ཁྱབ་དགོ་ཟེར་བའི་ བསམ་འཆར་ཚུ་ཞུ་ཡི།
དེ་ལུ་ མགར་ས་དགོན་ཁ་སྟོད་དང་ ལ་ཡ་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ དཔྱད་ཡིག་དེ་ དཔྱད་ཡིག་གཞན་ཚུ་དང་ མ་འདྲ་ནི་དེ་གིས་ གལ་སྲིད་ དཔྱད་ཡིག་གི་ཁྱབ་ཚད་དེ་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ནང་སྦེ་ བཞག་པ་ཅིན་ ཤུལ་ལས་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ཞུ་ཡི།
དེ་ཡང་ དཔྱད་ཡིག་དེ་ འབྲུག་རྐྱངམ་གཅིག་ལུ་མེན་པར་ ཕྱི་མི་དང་ ཕྱིའི་ལས་སྡེ་ཚུ་ལུ་ཡང་ ལག་ལེན་འཐབ་དགོཔ་འཐོན་ནི་ཨིནམ་ལས་ དམིགས་བསལ་དུ་ ཕྱིའི་མ་རྩ་ གཞི་བཙུགས་ཀྱི་ཐད་ཁར་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་འཐོན་འོང་ཟེར་ཞུ་ཡི།
དེ་ལུ་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་དེལ་གྱིས་ཡང་ རྒྱབ་སྐྱོར་ཞུ་ཡོདཔ་མ་ཚད་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ དོན་ཚན་དེ་ བསྐྱར་ཞིབ་ཐོག་ གསུང་གྲོས་ལེགས་ཤོམ་སྦེ་ གནང་དགོཔ་ཁག་ཆེ་བའི་ཁར་ རབ་འབྱུང་པ་ཅིན་ དཔྱད་ཡིག་གི་ ཁྱབ་ཚད་དེ་ ག་དེ་དྲག་དྲག་ སྒོ་ཡངས་དྲགས་སྦེ་ བཞག་པ་ཅིན་ དྲག་འོང་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དཔྱད་ཡིག་གི་ ལེའུ་༢ པའི་ནང་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བ་དེ་ གཞུང་མིན་ལས་ཚོགས་དང་ ཡང་ན་ རང་དབང་གི་འདུས་ཚོགས་ཅིག་སྦེ་ བཞག་ནི་ཨིན་ནའི་སྐོར་ལས་ གསུང་གྲོས་གནང་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱབ་སྣོན་འབད་ཡོད་མི་བཟུམ་སྦེ་ རང་དབང་གི་འདུས་ཚོགས་ཅིག་སྦེ་ར་ བཞག་ནི་ལུ་ ཆ་འཇོག་གྲུབ་ཅི།
དེ་ལས་ ལྟེ་བའི་བདག་སྐྱོང་གཙོ་འཛིན་དང་ གཞན་ལཱ་འབད་མི་ཚུ་ཡང་ ཚར་ཅིག་ ལྟེ་བའི་ནང་ འཛུལ་ཞུགས་འབད་ཚར་བའི་ཤུལ་ལུ་ ཞི་གཡོག་པའི་གྲངས་སུ་ མི་བརྩི་ནི་སྦེ་ ཆ་འཇོག་གྲུབ་ཅི།
དཔྱད་ཡིག་འགོ་འཛིན་པ་ མོང་སྒར་དགྲ་མེད་རྩེ་དང་ སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཚོགས་དམངས་ལུ་ ཞུ་མིའི་ནང་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་བརྒྱུད་ ལྷོད་མི་དང་འཁྲིལ་ ཚོགས་སྡེ་གིས་ འཕྲི་སྣོན་འབད་བའི་ དོན་ཚན་༢༦ ཡོད་མི་ཚུ་གི་དོན་ལུ་ ཚོགས་ཆུང་གིས་ ཚོགས་སྡེའི་འཐུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚར་༣ དེ་ཅིག་ འབད་ཡི་ཟེར་ཞུ་ཡི།
གནད་དོན་དེ་ཐོག་གི་ གསུང་གྲོས་དེ་ ད་རིས་ འཕྲོ་མཐུད་གནང་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment