གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༣/༢/༢༠༡༣   རྒྱལ་ཁབ་ཀྱི་དོན་ལས་ རང་སྲོག་བློས་བཏང་མི་ཚུ་ལུ་ངོས་འཛིན།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ དྲག་ཁག་གསུམ་གྱི་ དམག་མི་དང་ བདེ་སྲུངཔ་ ཞི་བའི་མི་སེར་འབདཝ་ད་ མི་གྲངས་༢༣༩ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལས་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞབས་ཏོག་ཞུ་བའི་ ངོས་འཛིན་གྱི་ གཟེངས་བསྟོད་རྟགས་མ་གནང་མི་དེ་ མིག་དཔེ་ལེགས་ཤོམ་ཅིག་ཨིན་མས་ཟེར་ཞུ་ནི།


དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ འདི་བཟུམ་མའི་ ངོས་འཛིན་གནངམ་ད་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ཚུ་ལུ་ ལྷག་པར་དུ་ སེམས་ཤུགས་བྱུང་སྟེ་ དད་དམ་འགྱུར་ལྡོག་མེད་པར་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་སྦོམ་འདུག་ཟེར་ཞུ་ནི།
ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ དུས་ཚོད་ལཱ་ཁག་ཅིག་ནང་ལས་ཕར་འགྱོ་བའི་ ནམ་དུས་ལུ་ གཟེངས་བསྟོད་རྟགས་མ་ཐོབ་མི་ཚུ་གིས་ རང་སྲོག་མིན་ཚད་ བློས་བཏང་སྟེ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ ཁྱད་འཕགས་ཅན་སྦེ་ ཕྱག་ཕྱིད་ཞབས་ཏོག་ཞུ་ཡོདཔ་ལས་ འབྲུག་མི་ཡོངས་ཀྱི་ ཁ་ཐུག་ལས་འབད་རུང་ སྙིང་སྟོབས་ཅན་ཚུ་ལུ་ གུས་བཏུད་ཞུ་དགོ་ཟེར་ཞུ་ནི།
འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་སྦོམ་ཤོས་གཉིས་ཀྱི་སྦུག་ལུ་ ཆགས་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ གནོད་ཉེན་སྦོམ་ཡོདཔ་ལས་ དྲག་ཁག་གསུམ་གྱི་ དམག་སྤུང་ཆུང་ཀུ་ཅིག་ལས་བརྒལ་མེད་རུང་ དཔལ་ལྡན་འབྲུག་པའི་ བསྟན་སྲིད་སྒྲིང་སྒྲིང་སྦེ་གནས་ཏེ་ རྒྱལ་ཁབ་ནང་ དགའ་སྐྱིད་ཀྱི་ ཉིམ་ཤར་ཡོད་མི་དེ་ དཔལ་ལྡན་འབྲུག་པའི་བུ་བརྒྱུད་ངོ་མ་ དྲག་ཁག་གསུམ་གྱི་ དམག་མི་ཚུ་དང་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་གྲུབ་པའི་ བདེ་སྲུང་ཁས་བླངས་པ་ཚུ་གིས་ ལྷག་བསམ་རྣམ་དག་དང་ དམ་ཚིག་དཔང་བཙུགས་ཐོག་ལས་ ཉིན་ནུབ་མེད་པར་ ཕྱག་ཞུ་བའི་ གྲུབ་འབྲས་ཨིན་ཟེར་ཞུ་ནི།
རྒྱལ་གཅེས་ཤ་ཞེན་གྱི་ཐོག་ལས་ ཕྱག་ཞུ་མི་ཚུ་ ངོས་འཛིན་ཐོག་ གཟེངས་བསྟོད་གནང་ནིའི་ ལམ་ལུགས་དེ་ དུས་རབས་༡༧ པའི་ནང་ འབྲུག་རྒྱལ་ཁབ་ཀྱི་ བཀའ་དྲིན་ཅན་གྱི་བདག་ཉིད་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐབས་ལས་ར་ཡོདཔ་ལས་ སྲོལ་རྒྱུན་བཟང་པོ་དེ་ ཕ་བརྒྱུད་བུ་བརྒྱུད་སྦེ་ རྒྱུན་འཛིན་འབད་དགོ་ཟེར་ཞུ་ནི།
འབྲུག་རྒྱལ་ཁབ་ཀྱི་ བསྟན་སྲིད་དང་ སྲུང་སྐྱོབ་བདག་འཛིན་འཐབ་ནི་གི་ འགན་ཁུར་འདི་ དྲག་ཁག་གསུམ་གྱི་ དམག་མི་ཚུ་ལུ་རྐྱངམ་གཅིག་མིན་པར་ འབྲུག་མི་ཡོངས་ལུ་ ཕོག་ཡོདཔ་ལས་ སྲུང་སྐྱོབ་དང་འབྲེལ་བའི་ སྟབས་མ་བདེཝ་རེ་ འཐོན་པ་ཅིན་ འདི་བསལ་ནིའི་དོན་ལུ་ སྲུང་སྐྱོབ་དམག་མི་ཚུ་ལུ་ བསྒུག་མ་སྡོད་པར་ ག་ར་གིས་ གདོང་ཁར་ཐོན་ཏེ་ གྲོགས་རམ་དང་ རྒྱབ་སྐྱོར་གང་དྲག་འབད་དགོ་ཟེར་ཞུ་ནི།
འདི་དང་གཅིག་ཁར་ ད་རེས་ནངས་པ་ འབྲུག་ལྷོ་མཚམས་ཀྱི་ ས་མཚམས་བདའ་སྟེ་ སྲུང་སྐྱོབ་ཀྱི་ དཀའ་ངལ་བྱུང་མི་ཚུ་ མར་ཕབ་འབད་ནི་དང་ འབྲུག་མི་བཙན་ཁྲིད་འབད་ནི་ཚུ་ལས་ བཀག་ཐབས་ལུ་ སྲུང་སྐྱོབ་དམག་མི་ཚུ་གི་ ལྷན་ཐབས་ལུ་ བདེ་སྲུངཔ་ཚུ་གིས་ཡང་ འགན་འཁྲི་འབག་དགོཔ་འདུག་ཟེར་ ཞུ་ནི་ཨིན།
འབྲུག་པའི་མི་སེར་ག་ར་ ལགཔ་གཅིག་ཁར་མཐུད་དེ་ བཟའ་ཚང་གཅིག་གི་ འཐུས་མི་བཟུམ་སྦེ་ ལཱ་འབད་བ་ཅིན་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་འདི་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་ན་ འགྱུར་མེད་ཡུན་བརྟན་གནས་ཚུགས་འོང་ཟེར་ ཞུ་ནི་ཨིན།
སྐལ་བཟང་ཟླ་བ། ཐིམ་ཕུ་ཁྲོམ།

No comments:

Post a Comment