གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལམ་གཡས་གཡོན་ལས་ ཕིཊ་༣༠ ནང་འཁོད་ལུ་ ཁྱིམ་རྐྱབ་ཆོག་པའི་ཆ་འཇོག།

༢༣/༢/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུ་ལས་ འཕྲི་སྣོན་མཛད་མི་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མའི་ དོན་ཚན་༡༤༧ གུ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ད་རུང་ འཕྲི་སྣོན་མཛད་དེ་ ཁྱིམ་ཚུ་ གཞུང་ལམ་སྦུག་ཐིག་ལས་ ཕིཊ་༣༠ བཞག་དགོཔ་སྦེ་ ཆ་འཇོག་འབད་ཡི།


དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ ཉིན་གྲངས་༢ ཀྱི་རིང་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མའི་ཐོག་ལུ་ གསུང་གྲོས་ཞིབ་པར་གནང་བའི་གྲས་ལས་ དོན་ཚན་༡༤༧ པའི་ རྫོང་ཁག་ནང་ ལམ་གྱི་ཐོབ་དབང་ས་ཁོངས་དེ་ ལམ་གྱི་གཡས་གཡོན་ལུ་ ཁྱིམ་རྐྱབ་ད་ ཕིཊ་༥༠ བཞག་དགོ་ཟེར་འཁོད་ཡོད་མི་དེ་ འཕྲི་སྣོན་འབད་ཡི།
འཕྲི་སྣོན་དེ་ཡང་ གལ་སྲིད་ གཞུང་གི་ཐུགས་འཆར་ལུ་ དགོས་མཁོ་ཆེ་བ་ ཡང་ན་ གལ་གནད་ཅན་ཅིག་སྦེ་ གཟིགས་ཏེ་འཐོན་སོང་པ་ཅིན་ ཡིག་ཐོག་ཁྱབ་བསྒྲགས་འབད་དེ་ རྫོང་ཁག་ལམ་གྱི་ ཐོབ་དབང་ས་ཁོངས་ ག་དེམ་ཅིག་བཞག་དགོཔ་ཨིན་ན་ཚུ་ བཀོད་ཆོགཔ་སྦེ་ ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ འཕྲི་སྣོན་མཛད་མི་ལུ་ མ་བཏུབ་པའི་གནད་དོན་ལེ་ཤ་ཅིག་གི་ཐོག་ལུ་ གསུང་གྲོས་གནང་སྟེ་ རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་དོན་ཚན་དེ་ ཕྱིར་འབུད་བཏང་སྟེ་ འཁོར་ལམ་སྦུག་ཐིག་ལས་ ཕིཊ་༣༠ བཞག་ནི་སྦེ་ གྲོས་ཐག་བཅད་ཅི།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་གིས་ ཚོགས་ཁང་ནང་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ གལ་སྲིད་ རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་མཛད་མི་གུ་ ཆ་འཇོག་འགྲུབ་སོཔ་འདྲཝ་ཅིག་འབད་བ་ཅིན་ མ་འོངས་པར་ གཞུང་དང་ མི་སེར་ དེ་ལས་ ལཱ་གཡོག་འབད་མི་ཚུ་གི་བར་ན་ བྱ་སྟབས་མ་བདེ་བའི་གནད་དོན་ལེ་ཤ་ འབྱུང་སྲིད་ནི་ཨིནམ་ལས་ སྔོན་གོང་ལས་ ཁྲིམས་ནང་ ཚད་གཞི་འཁོད་དགོཔ་ གལ་ཆེ་ཟེར་ཞུ་ཡི།
འཐུས་མི་གཞན་ཚུ་གིས་འབད་བ་ཅིན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་གཞུང་ལམ་དང་ རྫོང་ཁག་ དེ་ལས་ ས་གནས་གཞུང་ཚུ་ནང་ ལམ་སེལ་མི་ཚུ་ རྒྱ་བསྐྱེད་འབད་དགོཔ་འཐོན་པའི་སྐབས་ ས་དང་ ཁྱིམ་གྱི་ ཇོ་བདག་ཚུ་ལུ་ ཁེ་རྒུད་མ་བཏུབ་པའི་གནད་དོན་ལེ་ཤ་བྱུང་དོ་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ ཁྱིམ་དང་ སའི་ཇོ་བདག་ཚུ་ལུ་ ས་ཚབ་དང་ རྒུད་འཐུས་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་ སྦོམ་ར་ཐོན་ཏེ་འདུག་ཟེར་ཞུ་ཡི།
ཕིཊ་༥༠ ལུ་ བཞག་དཔ་འདྲཝ་ཅིག་འབད་བ་ཅིན་ མི་སེར་ཚུ་ལུ་ དཀའ་ངལ་འཐོན་ནིའི་ཉེན་ཁ་ཡོདཔ་ལས་ འཐུས་མི་མང་ཤོས་ཅིག་གིས་ ཕིཊ་༣༠ བཞག་ནི་ལུ་ རྒྱབ་སྐྱོར་འབད་ཡི།
འབྲུག་གི་ལམ་གྱི་བཅའ་ཁྲིམས་༢༠༡༢ ཅན་མ་དེ་ བསྒྱུར་བཅོས་མཛད་མི་དང་འབྲེལ་ ལྷོ་ཨེ་ཤི་ཡཱ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ སོན་མཛོད་གཞི་བཙུགས་ཆིངས་ཡིག་ འཕྲི་སྣོན་དང་ བསྒྱུར་བཅོས་མཛད་མི་ དམངས་རྩིས་ཚོགས་ཆུང་གི་ གྲུབ་འབྲས་སྙན་ཞུ་ དེ་ལས་ རྒྱལ་ཁབ་ནང་ ས་གཏེར་དང་འབྲེལ་བའི་ལཱ་རིགས་ བརྟག་ཞིབ་སྙན་ཞུའི་ཐོག་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་འབད་ཡི།

སྤྱི་ཟླ་༢ པའི་ཚེས་༢༥ ལུ་ རྒྱ་གར་གྱི་དངུལ་ རུ་པི་མ་ལངས་པའི་སྙན་ཞུ་དང་ འབྲུག་གི་འགན་འཛིན་དཔྱད་ཡིག་༢༠༡༢ ཅན་མ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢༠༡༢ ཅན་མའི་ཐོག་ལུ་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment