གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༧/༧/༢༠༡༣   ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་ལུ་ལེགས་སྨོན།
༉ ད་རིས་ གཟའ་སྐར་དགེ་བའི་ཉིནམ་དང་འབྲེལ་ དམངས་གཙོ་ཅན་གྱི་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་གསརཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་བདག་རྐྱེན་བཞེས་མི་ཚུ་ལུ་ རྫོང་ཁག་༢༠ གི་ མི་སེར་ཚུ་གི་ ཁ་ཐུག་ལས་ བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི།


དེ་ཡང་ འབྲུག་གི་སྤྱི་ཚོགས་ཅན་གྱི་ བཙག་འཐུའི་བྱ་རིམ་དེ་ སྤྱི་ལོ་༢༠༠༨ བཟུམ་སྦེ་ ཚུལ་ལྡན་མ་འགྱོ་བའི་ རྩོད་རྙོགས་ཚུ་ བྱུང་ཡོད་རུང་ དེ་ཚུ་ག་ར་ ཞི་ཐོག་ལས་ ད་རིས་ལས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་དང་ འཐུས་མི་གཞན་༡༠ གྱིས་ གཞུང་སྐྱོང་གི་ འགན་ཁུར་ལྕི་དྲགས་ཚུ་ འབག་ནི་འགོ་བཙུགསཔ་དང་འབྲེལ་ ང་བཅས་ཀྱི་ཧོངས་ལས་ ལེགས་ལྡན་གཞུང་སྐྱོང་དེ་ ཚུལ་ལྡན་སྦེ་ འགྱོ་བཅུག་ཟེར་ སྨོན་ལམ་བཏབ་ཨིན་ཟེར་ཞུ་ནི།
དེ་གིས་མ་དོ་བར་ དམངས་གཙོའི་རིང་ལུགས་འདི་ གནོད་ཉེན་ཆེ་བའི་ གནས་སྟངས་ནང་ ལྷོད་ཡོད་མི་དེ་ཡང་ ལེགས་པའི་ལམ་ཕྱོགས་ལུ་ འདྲེན་ཐོག་ལས་ གཞི་འགྱམ་སྒྲིང་སྒྲིང་དང་ རྩ་བརྟན་བཟོ་ནི་ལུ་ གཞུང་སྐྱོང་གསརཔ་གིས་ གཙོ་བོར་བཏོན་གནང་འོང་མནོ་བའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ཞུ་ནི།
དེ་དང་གཅིག་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ འགོ་ཐོག་ཉིན་གྲངས་༡༠༠ ནང་འཁོད་ལུ་ འགྲུབ་ཐབས་འབད་ནི་གི་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་གི་ ཕྱག་ལཱ་གནང་ནི་ལུ་ གྲ་སྒྲིག་འབད་དོ་འོང་ཟེར་ཞུ་ནི།
མ་གཞི་ ཁ་དང་ལགཔ་རྟགས་མཐུན་ཚུགསཔ་འབད་ནི་དེ་ ལཱ་ཁག་འོང་ནི་ཨིན་རུང་ ཁས་བླངས་དག་པ་ཅིག་གི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གི་ འགོ་ཐོག་ཉིན་གྲངས་༩༠ འི་ནང་ དངུལ་ཀྲམ་དུང་ཕྱུར་༣ དངུལ་ཁང་ནང་བཞག་སྟེ་ བསྐྱིན་འགྲུལ་སྤྲོད་ནིའི་ལམ་ལུགས་ ལོག་འགོ་བཙུག་ནི་དང་ རྒྱན་ཤོག་གི་ཚོང་ལཱ་ ལོག་འགོ་བཙུག་ནི་ཚུ་ དུས་ཚོད་ནང་འཁོད་ལུ་ བསྟར་སྤྱོད་འབད་འོང་མནོ་བའི་ རེ་བ་སྦོམ་ཡོད་ཟེར་ཞུ་ནི།
ད་རུང་ དྲན་གསོ་ཅིག་ ཞུ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་འབད་དོ་བཟུམ་ ཞི་གཡོགཔ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་དང་ ཁང་གླའི་འཐུས་བརྒྱ་ཆ་༢༠ རེའི་ ཐོབ་ལམ་ཡོདཔ་ ངེས་བརྟན་བཟོ་ཚུགས་འོང་ཟེར་ རེ་བ་བསྐྱེད་དེ་ བསྒུག་སྡོད་ཡོད་ཟེར་ཞུ་ནི།
འགོ་ཐོག་ཉིན་གྲངས་༡༠༠ ནང་ མངོན་གསལ་ཆེ་བའི་ ཁས་བླངས་ཚུ་ འགྲུབ་ཚུགས་པ་ཅིན་ ཁས་བླངས་གཞན་ཚུ་ རང་བཞིན་གྱིས་ར་ འགྲུབ་འོང་ཟེར་ཞུ་ནི།
སྤྱི་ལོ་༢༠༡༣ ལས་༢༠༡༨ ཚུན་ ལོ་ལྔ་གི་རིང་ གཞུང་སྐྱོང་ནི་གི་ གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐོབ་ཡོདཔ་བཞིན་དུ་ འགྱུར་བ་གསརཔ་དང་གཅིག་ཁར་ མི་སེར་ཚུ་གི་ རེ་འདོད་ཡང་ འགྲུབ་ཚུགསཔའི་ རེ་བ་སྦོམ་ཡོད་ཟེར་ཞུ་ནི།
ད་རུང་ཡང་ ང་བཅས་རའི་ གཞུང་སྐྱོང་ཚོགས་པ་གསརཔ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིས་བདེ་ལེགས་ཡོད་ཟེར་ ཞུ་ནི་ཨིན།
 
བཀྲིས་ཚེ་རིང་། ཐིམ་ཁྲོམ།

2 comments:

  1. ད་རེས་གཞུང་གསརཔ་ཀྱི་ གོང་ལུ་བཀྲ་ཤིས་ཚེ་རིང་གི་བསམ་འཆར་བཀོད་དོ་བཟུམ་ དེ་འཕྲོ་ལས་ཕྱག་ལ་མཛད་འོང་མནོ་བའི་རེ་བ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་བཀའ་སློབ་གནང་མི་དེ་ སེམས་ཁར་བཞག་ཏེ་ཕྱག་ལ་གནང་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ནི་ཨིན་།

    ReplyDelete
  2. མི་སེར་དམང་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་པ་ཅིན་ དབང་ཚད་ཕྱིར་སྤེལ་ཐོག་ལས་ འགྱུར་བ་གསརཔ་ལེ་ཤ་ཅིག་ར་འབག་འོང་ནི་ཟེར་ སླབ་ཐོག་ལས་མི་སེར་ལུ་ཞབས་ཏོག་
    ཞུ་ནིའི་དོན་ལུ་ ཚོགས་པའི་ཁས་བླངས་འདྲ་མི་འདྲ་ལེ་ཤ་་ཅིག་འབད་ཡོད་མི་ཚུ་ ཁ་གིས་ག་སླབ་ སོ་གིས་འཐུདཔ་སྦེ་ འབད་ཚུགས་པ་ཅིན་ སྤྱི་ལོ་༢༠༡༨ ལུ་ཡང་ གཞུུང་སྐྱོང་ནིའི་གོ་སྐབས་
    འགྱུར་བ་མེད་པར་ ཚོགས་པ་འདི་ལུ་ར་རྒྱབ་སྐྱོར་འཕུལ་ནི་ཨིན། དེ་འབདཝ་ད་ བཟའ་མ་ཟ་གདོང་དང་ འབད་མ་འབད་ཤུལ་ཟེར་དོ་བཟུམ་ ལོ་༥ འི་མཇུག་ལུ་གྲུབ་འབྲས་ལུ་རག་ལས་ཟེར་ཞུ་
    ནི་ཨིན།

    ReplyDelete