གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ གྱི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་འགོ་བཙུགས་ཡོདཔ།

༡༧/༧/༢༠༡༣   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་ཕྱད་དང་༨ ལུ་ གཡང་འཕེལ་ལམ་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་དེ་ རྫོང་ཁག་གི་ འབའ་སྐྱོར་ཁག་༩ ནང་ དུས་ཚོད་ཅིག་ནང་ མར་ཆང་ཕུལ་གཏོར་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་གི་ འབའ་སྐྱོར་༢ ནང་ སྡེ་ཚན་༡༢ ཀྱིས་ སྐོར་ཐེངས་༡༥ འབད་མི་ མདའ་རྩེད་འགྲན་བསྡུར་ནང་ སྐྱེས་ལོ་༦༠ ལས་༧༦ གི་བར་ན་འབད་མི་ སྐར་མ་ ཡར་བསྐྱེད་སྡེ་ཚན་གྱིས་ འབྲེལ་གཏོགས་འབད་ཡོདཔ་ད་ འགོ་ཐོག་སྐོར་ཐེངས་ནང་ ཨ་རྒས་སྡེ་ཚན་གྱིས་ གཞན་མི་སྡེ་ཚན་ལས་ སྐུགས་༣ ཐོབ་ཡོདཔ་ལས་ ལྟདམོ་ལྟ་མི་དང་ བྱང་ཕྱད་སྡེ་ཚན་ཚུ་ ཧ་ལསཔ་ཨིན་པས།
སྐྱེས་ལོ་༧༦ འབད་མི་ དམག་སྤྱི་བགྲེསཔ་ རིན་ཆེན་རྡོ་རྗེ་དང་ རྡོ་རྗེ་པ་སངས་ དེ་ལས་ སྐལ་བཟང་དབང་འདུས་༣ གྱིས་ བཀག་རེག་རེ་རེ་ཕོག་སྟེ་ སྐུགས་༢ ཐོབ་པའི་ཤུལ་ལུ་ སྐོར་ཐེངས་༧ པའི་ནང་ སྐུགས་༧ ཐོབ་སྟེ་ སྐུགས་ཆོད་པའི་སྐབས་སུ་ གཅིག་རྒྱ་བརྒྱད་སྡེ་ཚན་གྱིས་ སྐུགས་༥ དང་ ནེ་སཱན་ཊེ་ཡརསི་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས་པས།
སྐོར་ཐེངས་༡༥ མཇུག་བསྡུཝ་ད་ སྡེ་ཚན་ག་གིས་ཡང་ སྐུགས་ཆོད་མ་ཚུགས་རུང་ སྐར་མ་ཡར་བསྐྱེད་ཀྱིས་ སྐུགས་༣ དང་ གཅིག་རྒྱ་བརྒྱད་ཀྱིས་ སྐུགས་༦ དེ་ལས་ ནེ་སཱན་ཊེ་ཡརསི་གིས་ སྐུགས་༢ ཐོབ་ཡོདཔ་ད་ སྐར་མ་ཡར་བསྐྱེད་ཀྱིས་ བཀག་རེག་༡༥ དང་ ནེ་སཱན་ཊེ་ཡརསི་གིས་ བཀག་རེག་༡༣ དེ་ལས་ གཅིག་རྒྱ་བརྒྱད་ཀྱིས་ བཀག་རེག་༡༤ ཕོག་ཡོདཔ་ཨིན་པས།
སྐྱེས་ལོ་༧༦ ལང་མི་ དམག་སྤྱི་བགྲེསཔ་ རིན་ཆེན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཆུང་ཀུ་བསྒང་ལས་ར་ མདའ་རྩེད་ལུ་ སྤྲོ་བ་སྦོམ་ཡོདཔ་ལས་ བཅའ་མར་གཏོགས་ཡོདཔ་ད་ དེ་སྦེ་ བཅའ་མར་གཏོགས་དགོ་མི་དེ་ བཀག་རེག་ཕོག་པའི་སྐབས་ ན་གཞོན་མདའ་རྩེདཔ་ཚུ་ལུ་ མདའ་འཆམ་རྐྱབ་ཐངས་ཀྱི་ ལམ་སྟོན་བཟུམ་སྦེ་ སྟོན་ནིའི་དོན་ལུ་ཨིནམ་མ་ཚད་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ རང་ལུགས་མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ནང་ ཨ་རྒས་སྡེ་ཚན་གིས་ བཅའ་མར་གཏོགས་ཏེ་ རང་ལུགས་མདའ་འཆམ་རྐྱབ་ཐང་གི་སྐོར་ སྡེ་ཚན་གྱིས་ བཀག་རེག་ཕོག་རུང་ གཅིག་ཁར་སྦེ་ མདའ་འཆམ་རྐྱབ་ཐང་ཚུ་སྟོན་བྱིན་རུང་ ག་གིས་ཡང་ དཔེ་ལྟ་སྟེ་ རྐྱབ་མ་བཏུབ་མི་ལུ་ སེམས་དང་མི་ལྡན་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ བཀག་རེག་ཕོགཔ་ད་ གྱལ་འགོར་འགོརམ་སྦེ་ མདའ་འཆམ་རྐྱབ་དགོ་ཟེར་ སླབ་ཨིན་པས།
ང་བཅས་སྡེ་ཚན་གྱིས་ ད་རེས་རྒྱལ་ཁ་ཐོབ་རུང་ ཤུལ་མའི་རྩེད་འགྲན་ནང་ སྡེ་ཚན་གྱི་ མདའ་རྩེདཔ་ལེགས་ཤོམ་ཡོདཔ་ལས་ ཕམ་ནི་མ་གཏོགས་ ཀོ་ཊར་ཕའི་ནཱལ་ནང་ ལྷོད་ཚུགས་པའི་རེ་བ་མེད་རུང་ སྐོར་ཐེངས་༤༥ རྩེད་འགྲན་འབད་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་བས་ཟེར་ སྐྱེས་ལོ་༧༥ འབད་མི་ ཨ་རྒས་ཅིག་གིས་ སླབ་ཨིན་པས།
ཐིམ་ཕུ་སྟོད་སྦི་ས་ལས་ སྐྱེས་ལོ་༧༧ ལང་མི་ ཀརྨ་་ཚེ་རིང་གིས་ དྲོ་པའི་ཆུ་ཚོད་༨ ལས་ར་ ལྟདམོ་ལྟ་བར་ འོང་ཡོདཔ་ད་ ཁོ་གིས་ འབད་བ་ཅིན་ མདའ་རྩེད་འགྲན་བསྡུར་འབད་བའི་ གནས་ཚུལ་གོ་བའི་ཤུལ་ལུ་ མཆོད་རྟེན་སྐོར་ར་རྐྱབ་རུང་ བཞེས་སྒོ་བཟའ་རུང་ ཉལ་རུང་ མ་ཎི་བགྱང་རུང་ སེམས་བག་མ་ཆགསཔ་ལས་ ལྟདམོ་ལྟ་བར་འོང་ཡི་ཟེར་ཨིན་པས།
རྩེད་འགྲན་འགོ་བཙུགས་པའི་ཉིནམ་ལས་ར་ ལྟདམོ་ལྟ་བ་ཅིན་ སྡེ་ཚན་ག་ནང་ མདའ་རྩེདཔ་ལེགས་ཤོམ་ཡོད་ག་ མི་ག་ཟེར་མི་གིས་ རྩེད་འགྲན་ལེགས་ཤོམ་འབདཝ་ཨིན་ན་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ཤེས་ཚུགསཔ་ལས་ ཁ་ཙ་ལས་འགོ་བཙུགས་ རྩེད་འགྲན་མཇུག་མ་བསྡུ་ཚུན་ལུ་ ལྟདམོ་ལྟ་བར་འོང་ནི་ཟེར་ཨིན་པས།
གཡང་འཕེལ་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ བཅའ་མར་གཏོགས་མི་སྡེ་ཚན་༢༦༧ ཐོན་མི་དེ་ ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་ཚུ་གི་གྲས་ལས་ ཐིམ་ཕུ་རྫོང་ཁག་ལས་ སྡེ་ཚན་༡༡༢ ཀྱིས་བཅའ་མར་གཏོགས་མི་དེ་ མཐོ་ཤོས་ཨིན་པས།
རང་སོའི་རྫོང་ཁག་ཚུ་ནང་ མདའ་རྩེད་འགྲན་བསྡུར་ ལིག་སྐོར་ཐེངས་༤༥ རྩེད་འགྲན་འབད་བའི་ཤུལ་ལུ་ རྒྱལ་ཁ་འཐོབ་མི་སྡེ་ཚན་༧༢ ཀྱིས་  ནོག་ཨའུཊ་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༣ ལས་༢༠ ཚུན་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་འབའ་ཐང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment