གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པ་ ཀིངསི་ཀ་ལབ་རྩེད་འགྲན་འགོ་བཙུགས་ནི།

༡༩/༧/༢༠༡༣   ༉ ནངས་པ་ཕྱི་རུའི་ཆུ་ཚོད་༤ ལུ་ རྒྱལ་ས་ལྟེ་བ་ཐིམ་ཕུ་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་རྩེད་ཐང་ནང་སྦེ་ སྔར་སྲོལ་བཟང་པོའི་ལམ་ལུགས་ཐོག་ལས་ འབྲུག་པའི་གློག་བརྙན་གྱི་ འཁྲབ་རྩེདཔ་དང་ སྐད་འཐེན་མི་ཚུ་གིས་ གླུ་གཞས་ཀྱི་སྤྲོ་སྟོན་ལས་རིམ་ཚུ་ མི་མང་ལུ་ སྤྱན་འབུལ་ཕུལ་ཐོག་ལས་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ འགོ་བཙུགས་ནི་ཨིན་པས།
རྩེད་འགྲན་པ་ཚུ་གིས་ སྦྱོང་བརྡར་འབད་བའི་བསྒང་།


དེ་ཡང་ ནང་འཁོད་སྡེ་ཚན་༢ ཡོད་མི་ལས་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ༌བཱོལ་རྩེད་འགྲན་ཨང་དང་པ་ཐོན་མི་ ཡིད་འཛིན་དང་ བང་ལ་དེཤ་ལས་ ཨརཱམ་བཱཌ་ ཁྱི་ར་ སང་གཱ་སྡེ་ཚན་༢ ཀྱི་བར་ན་ འགོ་འབྱེད་དང་འདྲཝ་སྦེ་ ཀིངསི་ཀ་ལབ་ འགྲན་བསྡུར་འབད་ནི་ འགོ་བཙུགས་ནི་ཨིན་པས།
དེ་འབདཝ་ད་ ཐིམ་ཕུ་སྡེ་ཚན་ཀ་པའི་ ཕུཊ༌བཱོལ་རྩེད་འགྲན་ནང་ལས་ ཨང་གཉིས་པ་ཐོན་མི་ ཐིམ་ཕུ་ཁྲོམ་སྡེའི་སྡེ་ཚན་གྱི་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ བང་ལ་དེཤ་ལས་ བི་ཇེ་ཨེམ་སི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ ཁ་ཙ་ཕྱི་རུ་ བང་ལ་དེཤ་གི་སྡེ་ཚན་ཅིག་ ཐིམ་ཕུ་ལུ་ ལྷོད་ཡོདཔ་ཨིན་པས།
ནང་འཁོད་སྡེ་ཚན་༢ ཀྱིས་ དྲོ་པ་ཆུ་ཚོད་༡ གི་རིང་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་སྦེ་ རྩེད་འགྲན་གྱི་དོན་ལུ་ སྦྱོང་བརྡར་ཚུ་ བདུན་ཕྲག་༢ འབད་ཡོདཔ་ད་ ཐིམ་ཕུ་ཁྲོམ་སྡེའི་འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྩེད་འགྲན་འབད་མི་ཚུ་ སློབ་ཕྲུག་དང་ ཡིག་ཚང་ཚུ་ནང་ ལཱ་འབད་བར་འགྱོ་དགོ་མི་ཚུ་ཡོདཔ་ལས་ སྦྱོང་བརྡར་ཚུ་ དུས་ཡུན་རིངམོ་སྦེ་ བྱིན་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱི་རུའི་སྦྱོང་བརྡར་འབད་ནི་ཡོད་རུང་ ཕུཊ་བཱོལ་རྩེད་ཐང་དེ་ རྩེད་འགྲན་འབད་མི་ཚུ་གིས་ གདམ་ཁ་དང་འཁྲིལ་རྐྱབ་ཡོདཔ་ལས་ སྡེ་ཚན་གྱི་རྩེད་འགྲན་པ་ཚུ་ལུ་ དུས་ཚོད་ལེགས་ཤོམ་བྱིན་མ་ཚུགས་ཟེར་ སླབ་ཨིན་པས།
སྦྱོང་བརྡར་ལས་རིམ་ཚུ་ཡང་ རྩེད་འགྲན་པ་ཚུ་ལུ་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ཚུགས་ནི་དང་ རིག་རྩལ་ ལྕོགས་གྲུབ་ དེ་ལས་ སྒྱུ་རྩལ་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་ཚུགས་ནིའི་དོན་ལུ་ སྦྱོང་བརྡར་བྱིན་མི་དེ་གིས་ དོ་འགྲན་འབད་བའི་སྐབས་ ཕན་ཐོགས་ཚུགས་ནི་ཨིན་པས།
རྩེད་འགྲན་འབད་བའི་སྐབས་ ལྟདམོ་ལྟ་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ བཅའ་མར་གཏོགས་མི་སྡེ་ཚན་ལུ་ སྤྲོ་བ་དང་ དང་འདོད་སྦོམ་མའི་ཐོག་ལས་ རྒྱབ་སྐྱོར་འབད་འོང་མནོ་བའི་རེ་བ་ཡོད་ཟེར་ ཐིམ་ཕུ་ཁྲོམ་སྡེའི་འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་ཨིན་པས།
ཡིད་འཛིན་སྡེ་ཚན་གྱི་འཛིན་སྐྱོང་པ་ འཇིགས་མེད་ནོར་བུ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ རྩེད་ཐང་དེ་ ས་ཁ་མཐོ་ས་ལུ་ ཆགས་ཡོདཔ་མ་ཚད་ རྒྱ་གར་དང་ བང་ལ་དེཤ་སྡེ་ཚན་ཚུ་གིས་ རྩེད་ཐང་ནང་འོང་སྟེ་ སྦྱོང་བརྡར་འབད་ནིའི་དུས་ཚོད་ ལེགས་ཤོམ་ཅིག་ཐོབ་མ་ཚུགས་ནི་དེ་གིས་ ནང་འཁོད་སྡེ་ཚན་༢ ཀྱིས་ རྒྱལ་ཁ་འཐོབ་ཚུགས་པའི་འོས་འབབ་ སྦོམ་ཡོད་ཟེར་ སླབ་ཨིན་པས།
འཛིན་སྐྱོང་པ་༢ ཆ་ར་གིས་ གཞན་མི་རྒྱལ་ཁབ་ཀྱི་ སྡེ་ཚན་ཚུ་ལས་ རྒྱལ་ཁ་འཐོབ་ཚུགས་ཟེར་ སླབ་མ་བཏུབ་ཨིན་རུང་ ནང་འཁོད་སྡེ་ཚན་༢ ཀྱིས་ ལེགས་ཤོམ་སྦེ་ དོ་འགྲན་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་སྡེ་ཚན་ལུ་ ཕྱི་རྒྱལ་ གྷ་ན་རྒྱལ་ཁབ་ལས་ ནའི་ཇི་རེ་ཡ་ དྲེ་བི་ཤཱན་ཕུཊ་བཱོལ་སློབ་གྲྭ་ལས་ རྩེད་འགྲན་འབད་མི་ དཀོན་ནིཌ་ ཀོ་ཡི་མི་ཟེར་མི་དེ་ ལེན་ཡོདཔ་ད་ ཁོ་གིས་ རྒྱལ་ཁབ་ནང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་རྐྱངམ་གཅིག་ ལྷོད་ནི་ཨིནམ་ལས་ ཁོ་གིས་ སྡེ་ཚན་ནང་དོ་འགྲན་ག་དེ་སྦེ་ འབད་ཚུགས་ག་ཟེར་དོགས་པ་དང་འབྲེལ་ སྡེ་ཚན་དེ་གིས་ ནོག་ཨཊུ་རྩེད་འགྲན་ཚུན་ ལྷོད་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ ཡེ་ཤེས་ཚེ་རིང་གིས་ སླབ་ཨིན་པས།
བདུན་ཕྲག་ངལ་གསོ་གི་སྐབས་ལུ་ ཕྱི་རུའི་ཆུ་ཚོད་༤ ལས་ རྩེད་འགྲན་འབད་ནི་དང་ གཞན་མི་དུས་ཚོད་ལུ་ ཕྱི་རུའི་ཆུ་ཚོད་༦ ལས་ རྩེད་འགྲན་འགོ་བཙུགས་ནི་ཨིནམ་བཞིན་དུ་ ངལ་གསོ་མེན་པའི་དུས་ཚོད་ཁར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་གི་རྒྱབ་ཁར་ ལྟདམོ་ལྟ་བར་འོང་མི་ཚུ་གི་དོན་ལུ་ བཟའ་འཐུང་གི་རིགས་ཚུ་ཡོདཔ་མ་ཚད་ ཨ་ལུ་རྩེདམོ་རྩེ་སའི་ས་ཁོངས་ཡང་ ཡོདཔ་ཨིན་པས།
ལྟདམོ་བལྟ་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་གིས་ བསམ་འཆར་བཤད་མི་དང་འཁྲིལཝ་ད་ འབྲུག་པའི་སྡེ་ཚན་༢ ཀྱིས་ ཕྱིའི་རྩེད་འགྲན་སྡེ་ཚན་ཚུ་དང་ ག་དེ་སྦེ་ དོ་འགྲན་འབད་ཚུགས་འོང་ག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment