གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་གི་གནད་དོན་དེ་ སྲིད་འབྲེལ་གྲོས་བསྡུར་ཚུ་ནང་མ་འཐོན་རུང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གཙོ་རིམ་ཅན་ཅིག་ཨིནམ།

༡༩/༧/༢༠༡༣   ༉ སྲིད་ཚོགས་༢ ཀྱིས་ ཁས་བླངས་གསལ་བསྒྲགས་ནང་བཀོད་ཡོད་རུང་ མི་སྡེའི་ནང་ གནད་དོན་ཁག་ཆེ་ཤོས་ཅིག་ ཆང་དང་འབྲེལ་བའི་དཀའ་ངལ་གྱི་དོ་འགྲན་དང་ དེ་ཚུ་སེལ་ཐབས་ཀྱི་ ཐབས་ལམ་ཚུ་ཨིན་རུང་ ད་ཚུན་ གནད་དོན་དེ་གི་ཐོག་ལུ་ སྲིད་འབྲེལ་གྱི་ གྲོས་བསྡུར་ཚུ་མ་འབྱུང་ཨིན་པས།


ད་རེས་ཀྱི་ སྲིད་འབྲེལ་གནས་སྟངས་ནང་ གནད་དོན་འདྲ་མི་འདྲ་གི་ཐོག་ལུ་ སྲིད་ཚོགས་དང་འདེམས་ངོ་ཚུ་གི་བར་ན་ སྤྱིར་བཏང་གྲོས་འཛོམས་དང་ དངོས་མཐོང་རྒྱང་བསྒྲགས་ལས་རིམ་ཐོག་གི་ རྩོད་བསྡུར་ཚུ་ནང་མ་ཚད་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ཚུ་ནང་ཡང་ གནད་དོན་འདྲ་མི་འདྲ་ལེ་ཤ་ཅིག་ གྲོས་བསྡུར་འབད་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་གསལ་སྟོན་འབད་ཡོད་མི་ གསོ་བའི་དུས་དེབ་༢༠༡༣ ཅན་མ་དང་འཁྲིལཝ་ད་ ཆང་གིས་ལོ་བསྟར་བཞིན་དུ་ མི་གྲངས་༡༠༠ རེ་ལུ་ ཤི་རྐྱེན་བྱུང་སྟེ་ར་ཡོདཔ་ཨིན་ཟེར་ཨིན་པས།
གསོ་བའི་དུས་དེབ་དེ་ གསལ་སྟོན་འབད་བའི་ཤུས་ལས་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ཆང་དང་འབྲེལ་བའི་ དཀའ་ངལ་མར་ཕབ་ཀྱིས་ སྲིད་བྱུས་ཟིན་བྲིས་ཅིག་ ལྷན་ཚོགས་ཀྱི་ཡོངས་འབྲེལ་ཁ་བྱང་ནང་ མི་མང་གི་བསམ་འཆར་བསྡུ་ལེན་གྱི་དོན་ལུ་ བཙུགས་ཡོདཔ་ད་ ཆང་དང་འབྲེལ་བའི་དཀའ་ངལ་མར་ཕབ་ཀྱི་ སྲིད་བྱུས་༧ པ་ཨིན་པས།
ཟིན་བྲིས་དེ་ནང་ འདས་པའི་སྲིད་བྱུས་༦ བརྩམས་ཡོད་མི་དང་ སྤྱི་ལོ་༡༩༨༩ ལས་༢༠༠༠ ཚུན་གྱི་རིང་ ཆང་དང་འབྲེལ་བའི་ དཀའ་ངལ་མར་ཕབ་ཀྱི་ ཐབས་ལམ་ཐོག་ མི་དམངས་གསལ་བསྒྲགས་འབད་ཡོད་མི་ཚུ་ཡང་ གསལ་བཀོད་འབད་ནུག།
ད་རེས་ སྲིད་བྱུས་གསརཔ་ཟིན་བྲིས་འབད་མི་དེ་གིས་ ཧེ་མ་ལས་ཡོད་པའི་ ཆང་གི་དཀའ་ངལ་དེ་ ག་དེ་སྦེ་ བསལ་ཚུགས་ག་ ད་ལྟོ་མ་ཤེསཔ་ཨིན་རུང་ ཟིན་བྲིས་དེ་ནང་བཀོད་ཡོད་དོ་བཟུམ་འབད་བ་ཅིན་ འདས་པའི་སྲིད་བྱུས་ཚུ་ ཡིག་ཐོག་བཀོད་དེ་ ལག་ལེན་མེད་པར་ ལུས་ཡོདཔ་སྦེ་ཨིན་པས།
ཟིན་བྲིས་དེ་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ མི་སྡེའི་ནང་ ལོ་མང་རབས་ཅིག་ ཆང་ལུ་བརྟེན་པའི་ དཀའ་ངལ་ལེ་ཤ་ཡོད་མི་དེ་ མར་ཕབ་རྐྱབ་ནིའི་དོན་ལུ་ ཧེ་མ་ལས་ཡོད་པའི་ སྲིད་བྱུས་ཚུ་ ལག་ལེན་གྱི་དོན་ལུ་ ད་རུང་ སྲིད་བྱུས་གསརཔ་ཅིག་དགོས་མཁོ་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
སྲིད་བྱུས་དེ་དང་འཁྲིལཝ་ད་ ད་རེས་ ཆང་ལུ་བརྟེན་པའི་ དཀའ་ངལ་གྱི་གདོང་ལེན་དེ་ ཚ་གྱང་ཅན་ཅིག་ཨིན་པའི་ཁར་ སྲིད་བྱུས་དེ་གི་ལག་ལེན་དེ་ གཞུང་གསརཔ་གི་ ཕྱག་འགན་ཅིག་ཨིནམ་སྦེ་བཀོད་ནུག།
དེ་ཡང་ འབྲུག་ལུ་ཆང་ཁང་༣༠༠༠ དེ་ཅིག་ཡོད་པའི་ཁར་ སྤྱི་ལོ་༢༠༠༦ ལས་སྤྱི་ལོ་༢༠༡༠ ཚུན་ཚོད་ མཆིན་པའི་ནད་གཞི་ལུ་བརྟེན་པའི་ ཤི་རྐྱེན་མང་ཤོས་ར་ ཆང་ལུ་བརྟེན་པའི་དཀའ་ངལ་ཨིན་པའི་ ངོས་འཛིན་བྱུང་ནུག་ཟེར་བཀོད་ཡོདཔ་མ་ཚད་ སྣུམ་འཁོར་ཐུག་རྐྱེན་ཚུ་གི་ནང་ལས་ བརྒྱ་ཆ་༧ ཆང་འཐུང་མི་ལུ་བརྟེན་ བྱུང་དོ་ཡོདཔ་སྦེ་ཨིན་པས།
གཞན་ཡང་ ཁྲིམས་སྲུང་འགག་པའི་གནས་སྡུད་དང་འཁྲིལཝ་ད་ ཆང་ལུ་བརྟེན་པའི་ སྣུམ་འཁོར་ཐུག་རྐྱེན་གྱི་གྱངས་ཁ་དེ་ སྤྱི་ལོ་༢༠༠༩ ལུ་༡༡༢ བྱུང་ཡོད་མི་དེ་ སྤྱི་ལོ་༢༠༡༠ ལུ་༡༥༡ ལུ་ཡར་སེང་སོང་ནུག་ཟེར་ཨིནམ་ད་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ སྤྱི་ལོ་༢༠༡༠ ལུ་ བཟའ་ཚང་འཐབ་འཛིང་གི་གནད་དོན་༡,༠༩༣ སྙན་ཞུ་འབད་ཡོད་ས་ལས་ མང་ཤོས་ར་ ཆང་ལུ་བརྟེན་པའི་ དཀའ་ངལ་ཨིན་པའི་ གསལ་སྟོན་བྱུང་ནུག་ཟེར་ཨིན་པས།
དེ་མ་ཚད་ ཆང་དང་སྨྱོ་རྫས་ལུ་བརྟེན་པའི་ བྱ་ངན་ལག་ལེན་གྱི་གྱངས་ཁ་དེ་ཡང་ སྤྱི་ལོ༢༠༠༡ དང་༢༠༠༥ གྱི་བར་ན་ བཞི་ལྟབ་ཀྱིས་ཡར་སེང་སོང་ཡོད་པའི་ཁར་ མང་ཤོས་ར་ ཆང་ལུ་བརྟེན་སྟེ་ ཁྲོམ་སྡེ་ཚུ་ནང་ བྱ་ངན་ལག་ལེན་གྱི་གནད་དོན་ ཡར་སེང་སོང་སྟེ་འདུག་ཟེར་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ སྤྱི་ལོ་༢༠༡༡ ལུ་ བཟའ་ཚང་འཐབ་འཛིང་དང་འབྲེལ་བའི་ ཨམ་སྲུ་ཉམས་རྒུདཔ་༣༢༤ དེ་ཅིག་ཡོད་པའི་ནང་ལས་ ཉེས་ལས་འཐབ་མི་བརྒྱ་ཆ་༧༠ དེ་ཅིག་ ཆང་ལུ་བརྟེན་ཨིན་པའི་ སྙན་ཞུ་བཀོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་གཡོག་ལྷན་ཁག་གིས་ཡང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༡.༥༤ དེ་ བཟའ་ཚང་ཡ་བྲལ་སྦེ་ཡོདཔ་ད་ དེ་ཡང་གནད་དོན་གཙོ་བོ་ར་ ཆང་དང་ བཟའ་ཚང་འཐབ་འཛིང་ཚུ་ལུ་བརྟེན་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།
དེ་ལས་ སློབ་གྲྭ་ཆེ་བ་ཚུ་ནང་ ཞིབ་འཚོལ་འབད་ཡོད་མི་དང་འཁྲིལཝ་ད་ སློབ་རིམ་༧ པ་དང་༨ པའི་ ཨ་ལུ་ཡོངས་བསྡོམས་ལས་བརྒྱ་ཆ་༣༧.༣ དང་ སློབ་རིམ་༩ པ་དང་༡༠ པའི་ སློབ་ཕྲུག་ཡོངས་བསྡོམས་ལས་ བརྒྱ་ཆ་༤༨.༣ གྱིས་ ཆང་འཐུང་ཡོད་པའི་ གསལ་སྟོན་བྱུང་ནུག་ཟེར་ཨིནམ་ད་ དེ་གིས་ ལོ་ན་ཆུང་ཀུའི་བསྒང་ལས་ར་ ཆང་འཐུང་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་བཟུམ་སྦེ་ བསྟན་རྒྱས་ལྷན་ཁག་དང་ སོ་ནམ་ལྷན་ཁག་གི་ ཞིབ་འཚོལ་ཅིག་དང་འཁྲིལ་རུང་ ཁྱིམ་གུང་རེ་གི་ ལོ་བསྟར་འབྲུ་སྣའི་རིགས་ཀྱི་ ལོ་ཐོག་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ཆང་བཟོ་ནི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོད་པའི་ གསལ་སྟོན་བྱུང་ནུག་ཟེར་ཨིན་པས།
སྲིད་བྱུས་ཟིན་བྲིས་དེ་དང་འཁྲིལ་བ་ཅིན་ ཤར་ཕྱོགས་ཁ་ཐུག་ཀྱི་ གྲོང་གསེབ་ཚུ་ནང་ དབུལ་ཕོངས་དཀའ་ངལ་ཡོད་མི་དེ་ཡང་ གཙོ་བོ་ར་ མི་ཚུ་གིས་ རང་སོའི་ལོ་ཐོག་དེ་ ཆང་བཟོ་ནི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོད་མི་ལུ་བརྟེན་ འོང་ནི་ཨིན་པའི་དོགས་པ་ཡོད་ཟེར་ བཀོད་ནུག།
ཟིན་བྲིས་དེ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ཟླཝ་༦ པའི་ཚེས༦ ལུ་རྒྱལ་ཡོངས་ཚོགས་འདུ་གིས་ ཆང་གི་ལག་ལེན་མར་ཕབ་ཀྱི་ཐབས་ལམ་ལས་རིམ་དེ་ གོང་འཕེལ་བཏང་ཐོག་ལས་ མཁོ་སྤྲོད་དང་ མཁོ་འདོད་གནས་སྟངས་མར་ཕབ་སྲིད་བྱུས་ལུ་ གཙོ་བོར་སྟོན་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འབྱུང་ཐབས་དང་ ཆང་ལུ་བརྟེན་པའི་དཀའ་ངལ་མེདཔ་བཟོ་ནི་ལུ་ གཙོ་བོར་བཏོན་དགོ་པའི་ བཀའ་ཅིག་གནང་ཡོདཔ་ཨིན་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ སྲིད་བྱུས་ཟིན་བྲིས་དེ་ འདས་པའི་ཚོགས་འདུའི་བཀའ་རྒྱ་ལྟར་དུ་ ཟིན་བཀོད་འབད་འབདཝ་ཨིན་ཟེར་ཨིན་པའི་ཁར་ སྲིད་བྱུས་དེ་གིས་ཐོག་ལུ་ འཆར་བཀོད་དེ་ཡང་གཙོ་བོ་ར་ ཆང་འཐུང་ཆོག་གི་ལོ་ཚད་དང་ ཆང་ཁང་ཚུ་གི་ ལག་ལེན་དུས་ཡུན་ ཆང་བཙོང་ཆོག་པའི་ས་གནས་དང་ ཆང་དང་འབྲེལ་བའི་ ཚོང་བསྒྲགས་དང་གསལ་བསྒྲགས་ཚུ་དང་འབྲེལ་བའི་ ཁྲིམས་ལུགས་དམ་སྒྲིང་བཟོ་ཏེ་ འདས་པའི་སྲིད་བྱུས་ཚུ་གི་ལག་ལེན་ལུ་ གཙོ་བོར་བཏོན་ནི་ཨིན་པས།
སྲིད་བྱུས་དེ་ཚུ་ག་ར་ རྒྱལ་ཡོངས་ཚོགས་འདུ་ཐེངས་༢༠ པ་དང་༣༠ དེ་ལས་༥༠ པ་ཚུ་གི་གྲོས་ཆོད་ དེ་ལས་ ལྷན་ཁག་སོ་སོའི་བཀའ་རྒྱ་དང་ འབྲེལ་ཡོད་བཅའ་ཁྲིམས་ཚུ་གི་དགོངས་དོན་དང་བསྟུན་ བཀོད་སྒྲིག་འབད་འབདཝ་ཨིན་ཟེར་ཨིན་པས།
སྲིད་བྱུས་དེ་གི་དམིགས་ཡུལ་དེ་ཡང་ འབྲུག་རྒྱལ་ཁབ་ནང་ ཆང་གི་གནོད་ཉེན་མེད་པའི་ཁར་ དེ་དང་འབྲེལ་བའི་ དཀའ་ངལ་ཚུ་མེད་པར་ ཆང་ལུ་བརྟེན་པའི་དཀའ་ངལ་དང་ དེ་དང་འབྲེལ་བའི་ དོ་འགྲན་གྱི་གནས་སྟངས་ཚུ་མེདཔ་སྦེ་ བཟོ་ནི་དེ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment