གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟི་ལུང་ཁ་ ཨ་ནེམ་གྲྭ་ཚང་ནང་ མ་ཎི་དུང་སྒྲུབ་བསགས་དོ་ཡོདཔ།

༢༧/༧/༢༠༡༣   ༉ ཐིམ་ཕུ་གཟི་ལུང་ཁ་ ཨ་ནེམ་གྲྭ་ཚང་ནང་སྦེ་ ལོ་བསྟར་བཞིན་དུ་ བསགས་མི་མ་ཎི་དུང་སྒྲུབ་བསགས་ནི་དེ་ འགོ་བཙུགས་ཡོདཔ་ཨིན་པས།
དད་ཅན་སྐྱ་སེར་ཕོ་མོ་ ཨ་རྒས་དང་ ཨང་རྒས་༤༠༠ ལྷགཔ་ཅིག་དང་ ཨ་ནེམ་༤༠ དེ་ཅིག་གིས་ མ་ཎི་དུང་སྒྲུབ་བསགས་ཏེ་ ཉིན་གྲངས་༥ སོང་ཡོདཔ་ཨིན་པས།

མ་ཎི་བགྱང་མི་རྒན་རྒས་ཚུ་ ཉི་མའི་ ལྟོ་ཟ་བའི་བསྒང་།


སྤྱི་ཟླ་༧ པའི་ཚེས་༢༢ རང་ཟླ་༦ པའི་ཚེས་༡༥ ལས་འགོ་བཙུགས་ གཟི་ལུང་ཁ་བཤད་གྲྭའི་མཁན་པོ་ ཡེ་ཤེས་བསྟན་འཛིན་གྱིས་ དབུ་བཞུགས་ཐོག་ལས་ དུང་སྒྲུབ་བསག་ནི་འགོ་བཙུགས་ཡོདཔ་ཨིན་པས།
དུང་སྒྲུབ་ཀྱི་འགོ་འདྲེན་འཐབ་མི་ ཨ་ནེམ་བསོད་ནམས་ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་ ལོ་བསྟར་གྱི་ མ་ཎི་དུང་སྒྲུབ་བསག་ནི་དེ་ རང་ཟླ་༤ པ་ ས་ག་ཟླ་བའི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དུས་ཅི་ ཕར་འགྱངས་འབད་དགོ་མི་དེ་ རྒྱལ་ཁབ་ནང་ རྒྱལ་ཡོངས་བཙག་འཐུའི་བྱ་རིམ་དང་གཅིག་ཁར་ དུས་སྟབས་ཅིག་ལུ་ ཕོག་ནི་དེ་གིས་ཨིན་ཟེར་ཨིན་པས།
མ་ཎི་བགྱང་མི་ རྒན་རྒས་ལེ་ཤ་ཅིག་ར་སྤུངས་འཛོམས་འབད་མི་ལུ་བརྟེན་ ཟླཝ་མ་ལངམ་ཅིག་གི་ནང་འཁོད་ལུ་ མ་ཎི་དུང་ཕྱུར་འཐོན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གྲྭ་ཚང་ནང་ ས་གོ་ཆུང་དྲག་མི་ལུ་བརྟེན་ མ་ཎི་བགྱང་མི་རྒན་རྒས་ ལམ་ཐག་རིང་ས་ལས་འོང་མི་ཚུ་གི་དོན་ལུ་ ཉལ་སའི་གུར་དང་ གསང་སྤྱོད་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཡོད་ཟེར་ཨིནམ་ད་ ད་རེས་ གུར་༣ སྤུབ་ཡོད་མི་ཚུ་ནང་ ཞག་སྡོད་མི་༡༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
མ་ཎི་བགྱང་མི་ཚུ་ལུ་ གྲྭ་ཚང་གི་ཁ་ཐུག་ལས་ དྲོ་པ་ དྲོ་མཛར་ལས་འགོ་བཙུགས་ ཉིན་མའི་གསོལཝ་ དེ་ལས་ ཕྱི་རུའི་ཚོགས་ཚུ་ དྲང་དོ་ཡོདཔ་མ་ཚད་ གསོལ་ཇ་དང་ བསིལ་ཆུ་ཚུ་ཡང་ དུས་ཚོད་དང་བསྟུན་དྲང་དོ་ཟེར་ འགོ་འདྲེན་འཐབ་མི་གིས་ སླབ་ཨིན་པས།
ད་རེས་ནངས་པ་ ས་གནས་གཞན་ཚུ་ནང་ ཆོས་ཕྱོགས་དང་འབྲེལ་བའི་ལས་རིམ་ འགོ་འདྲེན་མ་འཐབ་མི་ལུ་བརྟེན་ མ་ཎི་བགྱང་མི་ ལེ་ཤ་ སྤུངས་འཛོམས་འབད་ཡོདཔ་ལས་ དུང་ཕྱུར་འཐོན་ནི་ལུ་ དཀའ་ངལ་མི་འོང་ནི་མས་ཟེར་ཨིན་པས།
མ་ཎི་དུང་སྒྲུབ་ཀྱི་དོན་ལུ་ ཐིམ་ཕུ་ལས་ དམག་རྩེ་བགྲེསཔ་དཀར་མདོག་གིས་ དངུལ་ཀྲམ་འབུམ་༡ ཕུལ་ཡོདཔ་མ་ཚད་ དད་ཅན་སྦྱིན་བདག་ཚུ་གིས་ མ་དངུལ་ཞལ་འདེབས་དང་ གསོལཝ་ཚོགས་ གསོལ་ཇ་ དེ་ལས་ མངར་ཟས་དྲང་མི་ཐོན་དོ་ཡོདཔ་ལས་ འགོ་འདྲེན་འཐབ་མི་གི་ཁ་ཐུག་ལས་ ཟད་འགྲོ་དངུལ་ཀྲམ་འབུམ་༧ ལྷགཔ་ཅིག་ལས་བརྒལ་མི་གནས་པས་ཟེར་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་ཨིན་པས།
ཐིམ་ཕུ་ དབང་སྲིན་མོ་ལས་ སྐྱེས་ལོ་༨༥ ལང་མི་ ཨ་རྒས་ཐུབ་བསྟན་གྱིས་ ལོ་བསྟར་བཞིན་དུ་ ཆད་ལུས་མེད་པར་ མ་ཎི་བགྱང་པར་འོང་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ དྲིན་ཅན་གྱི་ཕམ་༢ ཐར་པའི་ལམ་ལུ་ སྐྱེས་བར་ཤོག་ཅིག་ཟེར་བའི་སྨོན་ལམ་དང་ རྒྱལ་ཁབ་བདེ་སྐྱིད་བྱུང་ཞིང་ སེམས་ཅན་ཐམས་ཅད་ འཁོར་བའི་སྡུག་བསྔལ་ལས་འགྲོལ་ཏེ་ སངས་རྒྱས་ཀྱི་ གོ་འཕང་འཐོབ་བཅུག་ཟེར་ སྨོན་ལམ་བཏབ་སྟེ་ མ་ཎི་བགྱང་དོ་ཟེར་ཨིན་པས།
སྐྱེས་ལོ་༣༦ འབད་མི་ ཚེ་རིང་སྒྲོལ་མ་གིས་ ཚོང་ཁང་ནང་སྡོདཔ་ད་ མ་ཎི་བགྱང་ནིའི་གོ་སྐབས་མེདཔ་ལས་ ད་རེས་ མ་ཎི་ བགྱང་ནིའི་གོ་སྐབས་ ལེགས་ཤོམ་ཅིག་ཐོབ་ནི་དེ་གིས་ སྐལ་བ་བཟང་ནུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment