གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ ག་དང་གར་འོང་ནི་ཨིན་ན?

༡༧/༧/༢༠༡༣   ༉ འགོ་ཐོག་བཙག་འཐུ་ མཇུག་བསྡུ་ཞིནམ་ལས་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ལྷན་ཁག་ཚུ་གི་ བློན་པོའི་འགན་ཁུར་ཚུ་ ག་གིས་འབག་འོང་ག་ཟེར་ མི་ཚུ་གཅིག་གིས་གཅིག་ལུ་ གྲོས་བསྟུན་འབད་དོ་ཡོདཔ་ཨིན་པས།


ད་རེས་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཚོགས་པ་ལུ་རྒྱབ་སྐྱོར་འབད་མི་དང་ ཚོགས་པའི་ཡིག་ཚང་ཚུ་ནང་ བློན་པོའི་གོ་གནས་ཚུ་ འདེམས་ངོ་ག་ལུ་ བཀོད་ནི་ཨིན་ནའི་སྐོར་ལས་ བློ་སླབ་དོ་ཡོདཔ་ཨིན་རུང་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བློན་པོ་དང་ བློན་ཆེན་གྱི་གོ་གནས་ཐད་ཁར་ གདམ་འཐུ་འབད་མི་ འདེམས་ངོ་ཚུ་ བཀོད་ཁྱབ་ཚོགས་ཆུང་ནང་ གྲོས་བསྡུར་འབད་ཞིནམ་ལས་རྐྱངམ་གཅིག་ གཏན་འཁེལ་ཤེས་ཚུགས་ཟེར་ བརྡ་བརྒྱུད་དང་གཅིག་ཁར་ ཞལ་འཛོམས་འགོ་དང་པ་ འཚོགས་པའི་སྐབས་ལུ་ སླབ་ཡོདཔ་ཨིན།
མ་གཞི་ མི་སེར་ཚུ་གི་ཁ་ཐུག་ལས་ བློན་ཆེན་གྱི་གོ་གནས་དེ་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟབས་རྒྱས་ཀྱིས་ འབག་དགོ་པའི་རེ་བ་ཡོད་དེ་འབད་རུང་ གཙོ་འཛིན་གྱིས་ ཕྱི་འབྲེལ་ལྷན་ཁག་གི་ འགན་ཁུར་འབག་ནི་བཟུམ་ཅིག་ཡང་ ཡོདཔ་ཨིན་པས།
བཙག་འཐུའི་ཧེ་མར་ རྒྱལ་ཁབ་མཐའ་དབུས་མེད་པར་ བསྐུལ་བསྒྲགས་ནང་འགྱོ་བའི་སྐབས་ ཚོགས་པའི་གཙོ་འཛིན་གྱིས་ ཕྱི་འབྲེལ་གྱི་སྲིད་བྱུས་ཚུ་གི་སྐོར་ལས་ ལེ་ཤ་ཅིག་ར་ གསལ་བཤད་འབད་ཡོདཔ་ཨིན་པས།
མ་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ལྷན་ཁག་གི་ གྱངས་ཁ་ཡར་སེང་མི་འབད་ཟེར་ཨིནམ་ད་ བློན་པོ་གི་ གོ་གནས་ལེ་ཤ་དགོཔ་ཡང་ ཁག་མི་ཆེ་ཟེར་ཨིན་པས། དེ་མ་ཚད་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ལུ་ སྲུང་རྒྱབ་ཡང་ ཚད་ཅིག་སྦེ་ བསྐོ་བཞག་འབད་ནི་ཟེར་ ཁས་བླངས་གསལ་བསྒྲགས་ནང་ འཁོད་དེ་ཡོདཔ་ཨིན་པས།
དེ་འབདཝ་ད་ མི་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་གྱིས་ དགོངས་ཞུ་འབད་དེ་ སྲིད་ཚོགས་ནང་མ་འཛུལ་བའི་ཧེ་མར་ ལས་གཡོག་ལྷན་ཁག་ནང་ མདོ་ཆེན་གྱི་གོ་གནས་འབག་སྟེ་ ལཱ་འབད་ཡོདཔ་ལས་ ལས་གཡོག་བློན་པོ་གི་ གོ་གནས་བཞེས་ནི་བཟུམ་ཅིག་ཡང་ མཐོངམ་མས་ཟེར་ཨིན་པས།
མགར་ས་རྫོང་ཁག་ དགོན་ཁ་སྟོད་ལ་ཡ་གི་འདེམས་ངོ་ དམ་ཆོས་རྡོ་རྗེ་དེ་ ཕྱི་འབྲེལ་བློན་པོ་གི་ གོ་གནས་བསྐོ་བཞག་འབད་ནི་བཟུམ་ཅིག་ཡོདཔ་ཨིན་རུང་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ ཕྱི་མི་ནང་སྐྱོད་ཀྱི་ ལམ་ལུགས་ལས་འགལ་བའི་ལཱ་འབད་མི་ལུ་ ཕྱི་འབྲེལ་བློན་པོའི་གོ་གནས་ ག་དེ་སྦེ་ བྱིན་ནི་སྨོ་ཟེར་བའི་ བློ་སླབ་མི་ཡང་ འདུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོ་གིས་ ཕྱི་འབྲེལ་བློན་པོའི་གོ་གནས་མ་ལེན་པ་ཅིན་ ནང་སྲིད་བློན་པོའི་ གོ་གནས་ལེན་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
གཞལམ་སྒང་ བར་དོ་ཀྲོང་འདེམས་ཁོངས་ཀྱི་འདེམས་ངོ་ ལེགས་སྐྱིད་རྡོ་རྗེ་དེ་ བརྒྱུད་འབྲེལ་ལྷན་ཁག་གི་ བློན་པོའི་གོ་གནས་ལུ་བསྐོ་བཞག་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ལེགས་སྐྱིད་རྡོ་རྗེ་གིས་ ཡུ་ཨེས་ཨེ་ལས་ བཟོ་རིག་འགོ་དཔོན་གྱི་ ཤེས་ཡོན་མཐར་འཁྱོལ་མི་ཅིག་ཨིནམ་མ་ཚད་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པ་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་མི་ འདེམས་ངོ་༧ གྱི་གྲས་ལས་༡ ཨིན་པས།
ད་རུང་ བློན་པོའི་གོ་གནས་གཅིག་ ཁྲིམས་ཤིང་རྐང་པར་གྱི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་ལུ་ བྱིན་ནི་བཟུམ་ཅིག་ཡོདཔ་ད་ མོ་ར་ འབྲུག་རྒྱལ་ཁབ་ནང་ ཨམ་སྲུ་བཟོ་རིག་འགོ་དཔོན་དང་པ་ཨིནམ་མ་ཚད་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་ཡང་ཨིན་པས།
མོ་ལུ་ ཞབས་ཏོག་ལྷན་ཁག་གི་ བློན་པོ་སྦེ་ བསྐོ་བཞག་འབད་ནི་བཟུམ་ཅིག་ཡོདཔ་ད་ མོ་བློན་པོའི་གོ་གནས་འབག་པ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ ཨམ་སྲུ་བློན་པོ་ འགོ་དང་པ་འོང་ནི་ཨིན་པས།
བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཚོགས་པའི་གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ བློན་པོ་ཉུང་ཤོས་༥ བསྐོ་བཞག་འབད་ནི་ཟེར་ ཁས་བླངས་འབད་ཡོདཔ་མ་ཚད་ བསམ་རྩེ་ལས་ བློན་པོ་༡ བསྐོ་བཞག་འབད་ནི་ཟེར་ཨིན་པས།
ལྷུན་རྩེ་ཀྱི་ མི་སེར་ཚུ་ལུ་ བློན་པོ་གི་ གོ་གནས་གཅིག་ ལྷུན་རྩེ་ལུ་བྱིན་ནི་ཟེར་ ཁས་བླངས་འབད་ཡོདཔ་བཞིན་དུ་ ལྷུན་རྩེ་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ཡང་ བློན་པོའི་གོ་གནས་བསྐོ་བཞག་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
སྐྱེས་ལོ་༤༢ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ མི་སོ་རི་གཙུག་ལག་སློབ་སྡེ་ལས་ སྐྱེ་ལྡན་རིགས་སྣ་ནང་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ སོ་ནམ་ལྷན་ཁག་ནང་ ལཱ་འབད་ཡོདཔ་ཨིན་པས།
དེ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ བློན་པོའི་གོ་གནས་ ག་གིས་ལེན་ནི་ཨིན་མི་ཚུ་ ཚོད་དཔག་འབད་དེ་སླབ་མི་ཚུ་ བཀྲིས་སྒང་ བཀང་ལུང་བསམ་མཁར་ ཨུ་མཛོ་རོང་འདེམས་ཁོངས་ལས་ ནོར་བུ་དབང་ཕྱུག་དང་ མོང་སྒར་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་ འཇིགས་མེད་བཟང་པོ་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་སྒོམ་དར་གྱི་འདེམས་ངོ་ མིང་པོ་འབྲུག་པ་ཚུ་ཨིན་པས།
ཚོགས་པའི་རྒྱབ་སྐྱོར་པ་དང་ གཞན་མི་ཚུ་གིས་ ཚོད་དཔག་འབད་དེ་སླབ་མི་ཚུ་ བློན་པའི་གོ་གནས་འབག་པ་ཅིན་ ནོར་བུ་དབང་ཕྱུག་གིས་ དངུལ་རྩིས་ལྷན་ཁག་དང་ ཤེས་རིག་ལྷན་ཁག་གི་བློན་པོ་ གང་རུང་ཅིག་ འབད་ནི་མས་ཟེར་ཨིནམ་ད་ འཇིགས་མེད་བཟང་པོ་གིས་ གསོ་བའི་བློན་པོ་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ཨིན་རུང་ འཇིགས་མེད་བཟང་པོ་ཁོ་ར་ རྒྱལ་ཡོངས་ཚོགས་འདུ་གི་ ཚོགས་དཔོན་སྦེ་ བསྐོ་བཞག་འབད་ནི་གི་ ལོ་རྒྱུས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཚོགས་པ་སྒྲིང་སྒྲིང་འོང་ནི་ཨིནམ་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྒྲིང་སྒྲིང་ཡོད་མི་ཅིག་ བཙུགས་ནི་མ་གཏོགས་ ཚོགས་པ་གཞན་མི་ནང་ལས་ ཕྱེད་ཀ་ལས་ བཙུགས་མི་ཚུ་ བསྐོ་བཞག་མི་འབད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ འཇིགས་མེད་བཟང་པོ་ལུ་ ཚོགས་དཔོན་གྱི་ གོ་གནས་བསྐོ་བཞག་མ་འབད་བ་ཅིན་ མིང་པོ་འབྲུག་པ་ལུ་ ཚོགས་དཔོན་གྱི་ འགན་ཁུར་སྤྲོད་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ལྷོ་ཕྱོགས་རྫོང་ཁག་ནང་ལས་ བློན་པོ་གི་ གོ་གནས་འབག་མི་ཅིག་ གསར་སྤར་ཤོམ་སྤང་ཁ་ འདེམས་ཁོངས་ཀྱི་ རིག་འཛིན་རྡོ་རྗེ་བཟུམ་ཅིག་འོང་ནི་ཨིནམ་ད་ དམ་ཆོས་རྡོ་རྗེ་གིས་ ནང་སྲིད་བློན་པོའི་གོ་གནས་མ་འབག་པ་ཅིན་ རིག་འཛིན་རྡོ་རྗེ་དེ་ ནང་སྲིད་བློན་པོ་སྦེ་ བསྐོ་བཞག་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ བསམ་རྩེ་ལུ་ བློན་པོ་གི་གོ་གནས་ཅིག་ ཁས་བླངས་འབད་ཡོདཔ་ལས་ སིབ་སུ་འདེམས་ཁོངས་ལས་ རི་ཏུ་རཱཇ་དེ་ བློན་པོའི་གོ་གནས་༡ བསྐོ་བཞག་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
དེ་ལས་ བློན་པོའི་གོ་གནས་གཅིག་ རྩི་རང་གི་ ཡོ་གེཤ་ཏ་མང་ལུ་ བྱིན་ནི་བཟུམ་ཅིག་ཡོདཔ་ད་ ཁོ་གིས་ཚོགས་པ་ནང་ ཁས་བླངས་ཐོག་ལས་ལཱ་འབད་ཡོདཔ་མ་ཚད་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་སྦེ་ཡང་ ལཱ་འབད་ཡོདཔ་ཨིན་པས།
ད་རུང་ བསམ་རྩེ་རྡོ་རོ་ཁ་ རྟ་ལྡིང་གི་ ཊེག་བྷ་དུར་སུ་བ་ལུ་ཡང་ བློན་པོའི་གོ་གནས་ལུ་ བསྐོ་བཞག་འབད་ནི་བཟུམ་ཅིག་ཡོདཔ་ད་ ཁོ་གིས་ བསྟན་རྒྱས་ལྷན་ཁག་གི་ བློན་པོའི་གོ་གནས་ལུ་ བསྐོ་བཞག་འབད་ནི་བཟུམ་ཅིག་ཡོདཔ་ཨིན་རུང་ གཏན་འཁེལ་སྦེ་ རྒྱལ་ཁ་ཐོབ་མི་ཚོགས་པ་གིས་ བཀོད་ཁྱབ་ཞལ་འཛོམས་འབད་ཚར་བའི་ཤུལ་ལས་ ཤེས་ཚུགས་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།




4 comments:

  1. བསམ་འཆར་། བློན་པོ་ག་བསྐོ་བཞག་ག་འབད་རུང་ བཀའ་རྒྱལ་ས་ལྟེ་བ་ལས་གནང་ནི་མེན་པ་ མི་སེར་ཚུ་ལས་ཞུ་ནི་ཨིནམ་ལས་ བློན་པོ་ག་བསྐོ་བཞག་འབད་རུང་ མ་འཐུསཔ་མིན་འདུག་ཟེར་ཞུ་ནི་། འདི་འབདཝ་ལས་ ཇོ་མོ་གཙང་ཁ་ གྱི་འདེམས་ངོ་ ཨ་རྒས་དཔལ་བཟང་དབང་ཕྱུག་ བློན་ཆེན་སྐལ་རུང་མ་འཐུསཔ་མིན་འདུག་ཟེར་ཞུ་ནི་། རྡོ་རྗེ་ ཐིམ་ཕུག་ ཁྲོམ་།

    ReplyDelete
  2. སློབ་དཔོན་ཟོར་པོ་ ནམ་རང་ལྟ་རུང་ བློ་སླབ་པའི་སྒང་ལས་ ཟུར་བཙུགཔ་བཙུག་ས་ར་ཨིན་མས་སྨོ? མི་ངོ་རང་རྐྱང་གི་མནོ་བསམ་དང་ གོང་གི་གནས་ཚུལ་འདིའི་བཅུད་དོན་ལུ་ལྟ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གི་འདེམས་ངོ་ཚུ་ལྕོགས་གྲུབ་མེད་པ་བློན་པོ་ག་བསྐོ་བཞག་འབད་འོང་ག་ཟེར་བའི་ལོ་རྒྱུས་མེན་པ་ འདེམས་ངོ་ལྕོགས་གྲུབ་ཡོད་མི་ཚུ་གིས་གྲལ་ལས་ག་གིས་བློན་པོའི་གོ་གནས་ཐོབ་འོང་ག་ཟེར་བའི་ཚ་གྱང་བཟུམ་ཅིག་སྦེ་མཇལ་ཡི།

    ReplyDelete
  3. སློབ་དཔོན་རྣམ་ལྕགས་ འདེམས་ངོ་ལྕགས་གྲུབ་ཡོད་མེད་ཀྱི་ལོ་རྒྱུས་མེན་། ང་གི་ཞུ་མི་གནད་དོན་རྩ་བ་ ད་རེས་ཀྱི་གཞུང་གསརཔ་འདེམས་ངོ་ཚུ་གྱི་ ངན་ལྷོད་དང་དབང་ཚད་ལོག་སྤྱོད་ག་འདེམ་ཅིག་འབད་ཡི་ག་ ཁྱོད་ཀྱིས་ཤེས་ག་ དཔེར་ན་ དམག་མི་ཚུ་གྱི་ ཚོགས་རྒྱན་བྲིས་ཤོག་ཚུ་ ཁོང་རའི་འགོ་དཔོན་ཚུ་གྱི་བཀང་ཡོདཔ་མ་ཚད་ རྟགས་ཁོང་གི་བཀལ་སྟེ་ བཏང་ཡོདཔ་ཁྱོད་ཀྱི་ཤེས་ག་ འདི་བཟུམ་ངན་ལྷོད་འབདཝ་གི་མ་ཚད་ རྐང་ལུང་དང་ཨུ་རྫོ་རོང་འདེམས་ཁོང་གི་འདེམས་ངོ་ ནོར་བུ་དབང་ཕྱུག་གི་ ངན་ལྷོད་ཁག་ ༡༠ དེ་ཅིག་འབད་བའི་སྙན་ཞུ་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་བཙུགས་སྟེ་འདུག་། དེ་མ་ཚད་ མི་སེར་དམང་གཙོ་ཚོགས་པ་འདེམས་ངོ་ཆ་མཉམ་གྱི་ངན་ལྷོད་འབད་ཡོད་པའི་སྙན་ཞུ་ རྫོང་ཁག་ ༢༠ ཆ་མཉམ་ནང་ཕུལ་སྟེ་འདུག་། འདི་བཟུམ་ནང་སུ་རྐྱབ་སྟེ་ འདེམས་ངོ་འཐོབ་མི་ཆ་ཁྱབ་ རྒྱལ་ཁབ་ཀྱི་བློ་པོ་ག་དེ་འབད་བཀལ་ནི་སྨོ་? ང་བཅས་འབྲུག་མི་ཚུ་ མནོ་བསམ་ཐེབས་གཏང་དགོཔ་འདུག་ཟེར་ཞུ་ནི་།

    ReplyDelete
  4. ཧ་ཧ་སློབ་དཔོན་ཟུར་པོ ཐུགས་རྣམ་རྟོག་རྟ་དེས་མ་ལངས། རྟ་རཝ་མེད་པ་མི་བརྡུང་། དམག་མི་ཚུ་གིས་འགྲེམ་ཐོག་ཚོགས་རྒྱན་གྱི་བྲིས་ཤོག་ཚུ་ ཁོང་གིས་འགོ་དཔོན་གྱི་བཀངམ་ཏན་ཏན་ཨིན་པ་ཅིན་ དང་པ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རང་ལུ་གནང་མི་དབང་ཚད་འདི་སྤྱོད་མ་ཤེས་པའི་ཁར་ དོན་ངོ་མ་ ངན་ལྷད་འཐབ་མི་འདི་ དམག་མི་དང་འགོ་དཔོན་གཉིས་ཀྱི་བར་ན་ཨིན་མས་། མི་སེར་དམངས་གཙོ་ཚོགས་པ་མེན་མས་མེན་ན། གཉིས་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་༡༥་བཙག་འཐུ་གྲུབ་སའི་འདེམས་ཁོངས་ནང་ལུ་ དམག་མི་གི་འགོ་དཕོན་དང་ དམག་མི་མེདཔ་ཨིན་ན?འདེམས་ངོ་ནོར་བུ་དབང་ཕྱུག་གི་ཐད་ དང་པ་བཙག་འཐུ་རྩོད་རྙོགས་འདུས་ཚོགས། རྩིས་ཞིབ་དབང་འཛིན། ངན་ལྷད་བཀག་སྡོམ་ལྷན་ཚོགས། ཁྲིམས་ཁང་གོང་འོག་གསུམ་དེ་རེ་འདུག། འདི་ཚུ་ལུ་ག་ཅི་འབད་སྒྲུབ་བྱེད་དང་སྦྲགས་མ་ཕུལཝ་སྨོ? ཁྱོད་ཀྱིས་འབད་བ་ཅིན་གོང་གི་གཙུག་སྡེ་ཚུ་ཡང་ མི་སེར་དམངས་གཙོ་ཚོགས་པ་ཨིན་ཟེར་སླབ་ནི་ཨིན་ན?མདོར་བསྡུ་བ་ཅིན་ རྗེ་ཀུན་དགའ་གིས་ཞལ་ནས་ གཏམ་སྨྲ་འདོད་མགྲིན་པའི་ཕུག་ལ་བཞག། ཁོང་གྲལ་གང་མི་ལ་ལན་གསུམ་ལྟ། ཕོག་མེད་སྙན་པའི་ཚིག་གིས་གླེང་། གྲོས་གར་འཛོམས་ས་ན་མཛེས་པ་ཡིན། ཟེར་གསུང་མི་ཚུ་་ཐུགས་ཁར་བསྣམས་པ་ཅིན་དྲག་འོང་།

    ReplyDelete