གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་པོ་ཚུ་གི་ རྒྱབ་ཁུངས་སྣ་ཚོགས་ཐོག་ ལྷན་རྒྱས་གཞུང་ཚོགས་གཞི་བཙུགས།

༉ མི་སེར་དམངས་གཙོ་ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་གསརཔ་དེ་ གཞུང་གི་འགོ་དཔོན་བགྲེསཔ་དང་ གྲོས་སྟོན་པ་ ཚོང་པ་ཚུ་ཡོད་མི་ བློན་པོ་སྡེ་ཚན་ཅིག་གིས་ དབུ་ཁྲིད་འབད་ནི་ཨིན་པས།
བློན་པོ་ཚུ་གིས་ གཞུང་གི་ལྷན་ཁག་གི་ འགན་འཁྲི་འགོ་དང་པ་འབག་ནི་ཨིནམ་བཞིན་དུ་ ཁོང་མང་ཤོས་ཅིག་ར་ འདི་བཟུམ་མའི་ འགན་ཁུར་ལྕི་དྲགས་འབག་ནི་གི་ གནས་རིམ་ནང་ མ་ལྷོདཔ་ལས་ ཉམས་མྱོང་གསརཔ་ཅིག་ཨིན་པས།



མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁབ་ཀྱི་ མི་རློབས་མང་ཤོས་དང་ ལུང་ཕྱོགས་སྦོམ་ཤོས་ཅིག་ཨིན་མི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ བློན་པོ་༤ གི་ གོ་སྐབས་བྱིན་མི་དེ་ཡང་ ཚོགས་པའི་གཙོ་འཛིན་གྱིས་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ མི་སེར་ཚུ་ལུ་ ཁས་བླངས་འབད་མི་དང་འཁྲིལ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་སྐབས་ ཤར་ཕྱོགས་རྫོང་ཁག་ཚུ་གི་ སྐུ་ཚབ་སྦེ་ བློན་ཆེན་མ་རྩིས་བར་ བློན་པོ་༣ ཡོདཔ་ད་ ད་རིས་ཀྱི་ གཞུང་སྐྱོང་ཚོགས་པ་གིས་ ལྷོ་མཚམས་རྫོང་ཁག་ཚུ་ལས་ བློན་པོ་༣ གདམ་འཐུ་འབད་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པའི་སྐབས་ བློན་པོ་༢ ཡོདཔ་ཨིན།
དེལས་ ནུབ་ཕྱོགས་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློན་པོ་༣ ཡོད་མི་དང་ཕྱདཔ་ད་ གཞུང་སྐྱོང་གསརཔ་ལུ་༢ དང་ དབུས་ཕྱོགས་རྫོང་ཁག་ནང་ལས་ བློན་པོ་༡ ཡོདཔ་ཨིན་རུང་ དེ་བསྒང་ ཕུན་སུམ་ཚོགས་པ་ལུ་ བློན་པོ་༢ ཡོདཔ་ཨིན་པས།
ད་རིས་ཀྱི་ གཞུང་སྐྱོང་ནང་ རྫོང་ཁག་ཚུ་གི་གྲས་ལས་ བུམ་ཐང་དང་ ཆུ་ཁ་ ཧཱ་ མོང་སྒར་ སྤ་རོ་ པདྨ་དགའ་ཚལ་ སྤུ་ན་ཁ་ ཐིམ་ཕུ་ བཀྲིས་གཡང་རྩེ་ རྩི་རང་ གཞལམ་སྒང་ཚུ་ནང་ལས་ བློན་པོ་མེདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་ལུ་ ཨམ་སྲུ་བློན་པོ་དང་པ་དང་ ཕུད་རྡོག་གཅིག་ཡོད་མི་དེ་ རྒྱལ་ཁབ་ཀྱི་ རྒྱལ་རབས་ནང་ ཚུད་ཡོདཔ་ད་ ཞབས་ཏོག་ལྷན་ཁག་ དབུ་ཁྲིད་འབད་ནི་ཨིན་མི་ བཀྲིས་སྒང་ཁྲིམས་ཤིང་གི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་དེ་ རྒྱལ་ཁབ་ཀྱི་ ཨམ་སྲུ་འཕྲུལ་རིག་འགོ་དཔོན་དང་པ་ཨིནམ་མ་ཚད་ འགོ་ཐོག་བཙག་འཐུ་ཚུན་ཚོད་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་སྦེ་ འགོ་ཁྲིད་འབད་མི་ ཨམ་སྲུ་དང་པ་ཅིག་ཡང་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་བྱུང་མ་ཚུགས་པའི་ཤུལ་ལུ་ མོ་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་དེ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ཡི།
སྐྱེས་ལོ་༥༣ ལང་མི་ རྡོ་རྗེ་ཆོས་སྒྲོན་གྱིས་ ཞི་གཡོག་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཚུ་ནང་ གོ་གནས་སོ་སོའི་ཐོག་ ལོ་ངོ་༢༠ ལྷགཔ་ཅིག་གི་རིང་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ཀྱི་ སྤྱིར་བཏང་བཙག་འཐུ་དང་པའི་ནང་ དོ་འགྲན་འབད་ནིའི་དོན་ལས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡོདཔ་ད་ བཙག་འཐུའི་ནང་ ཕམ་སོང་པའི་ཤུལ་ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ནང་ གནས་བཞུགས་སྐུ་ཚབ་ལས་རོགས་སྦེ་ ལཱ་འབད་ཡོདཔ་ཨིན་པས།
སྲིད་ཚོགས་དེ་གིས་ དགོན་ཁ་སྟོད་-ལ་ཡའི་འདེམས་ངོ་ དམ་ཆོས་རྡོ་རྗེ་དེ་ ནང་སྲིད་བློན་པོ་སྦེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་གིས་ རྫོང་ཁག་ལེ་ཤ་ཅིག་ནང་ དྲང་དཔོན་སྦེ་ ཕྱག་ཞུ་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་སྦེ་ ཕྱག་ཞུ་སྟེ་ སྤྱི་ལོ་༢༠༠༨ ལུ་ སྲིད་དོན་ནང་ འཛུལ་ཡོདཔ་བཞིན་དུ་ དེ་བསྒང་ མི་སེར་དམངས་གཙོ་ཚོགས་པ་ལས་ འདེམས་ངོ་༢ ཀྱིས་ རྒྱལ་ཁ་ཐོབ་སྟེ་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་ཡོདཔ་ཨིན།
བདེ་བ་ཐང་-སྒོམ་དར་གྱི་འདེམས་ངོ་ མིང་པོ་འབྲུག་པ་གི་ ཚེ་གཡོག་དེ་ ཤེས་རིག་ལྷན་ཁག་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རིས་ ལོག་སྟེ་ར་ ལྷན་ཁག་གི་ བློན་པོ་སྦེ་ འགན་འཁྲི་འབག་ནི་ཨིན་པས།
མིང་པོ་འབྲུག་པ་གིས་ ལོ་ངོ་༣༦ གི་རིང་ ཕྱག་ཕྱིན་ཞུ་བའི་ཤུལ་ལས་ སྤྱི་ལོ་༢༠༠༧ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ལས་ དགོངས་ཞུ་འབད་དེ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡོད་རུང་ ཕམ་སོཔ་ཨིན་པས།
རྒྱལ་ཁབ་ཀྱི་ སྐུ་ཚབ་སྦེ་ འཛམ་གླིང་ནང་ འབྲེལ་བ་འཐབ་ནིའི་ འགན་འཁྲི་འབག་ནིའི་དོན་ལུ་ གསར་སྤང་ཤོམ་སྤང་ཁའི་འདེམས་ངོ་ རིག་འཛིན་རྡོ་རྗེ་དེ་ ཕྱི་འབྲེལ་བློན་པོ་སྦེ་ གདམ་འཐུ་གྲུབ་ནུག།
ཁོ་གིས་ འཕྲལ་ཁམས་ཀྱི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ སྲིད་ཚོགས་ནང་ འཛུལ་ཞུགས་མ་འབད་བའི་ཧེ་མར་ ཧཱ་རྫོང་བདག་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ བསམ་རྩེའི་ རྫོང་བདག་སྦེ་ཡང་ སྡོད་ཡོདཔ་ཨིན་པས།
བརྒྱུད་འབྲེལ་བློན་པོ་སྦེ་ གདམ་འཐུ་འབད་མི་ ཕུན་ཚོགས་དཔལ་རི་-བསམ་རྩེའི་འདེམས་ངོ་ ཌི་ཨེན་དུང་གེལ་གྱིས་ སྤྱི་ལོ་༢༠༠༨ ལུ་ ཚོགས་པའི་འདེམས་ངོ་སྦེ་ བཙག་འཐུ་ནང་ དོ་འགྲན་འབད་ཡོད་རུང་ མཐར་འཁྱོལ་མ་ཚུགས་པས། ཁོ་གིས་ རྒྱ་ནག་དང་ སིངྒ་པུར་ལུ་ ལོ་༤ ལཱ་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ ཚོང་ལས་ཆུང་བ་དང་བར་མའི་ ལས་འགུལ་འགོ་བཙུགས་ཡོདཔ་ཨིན་པས།
བཀྲིས་ལྡིང་-ལྷ་མོ་རྫིང་ཁའི་ ཉི་མ་སངས་རྒྱས་ཆེན་པོ་གིས་ ལས་གཡོག་བློན་པོའི་ འགན་འཁྲི་འབག་ནི་ཨིནམ་ད་ ཁོ་གིས་ ཤེས་རིག་བློན་པོ་དང་གཅིག་ཁར་ ལོ་༡༧ དང་ རྒྱལ་ཡོངས་ཚོགས་འདུའི་ནང་ སྐད་སྒྱུར་པ་སྦེ་ ལོ་༡༥ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ བཙག་འཐུ་ནང་ དོ་འགྲན་འབད་ནུག།
བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་གི་འདེམས་ངོ་ ནོར་བུ་དབང་ཕྱུག་དེ་ བསྟན་རྒྱས་བློན་པོ་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་མི་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༧ ལས་༡ ཁོ་ཨིནམ་བཞིན་དུ་ ཁོ་གིས་ ཞི་གཡོག་ནང་ ལོ་༦ དང་ སྒེར་སྡེའི་ནང་ ལོ་༦ ལཱ་འབད་ཡོདཔ་མ་ཚད་ ཞིབ་འཚོལ་པ་དང་ གྲོས་སྟོན་པ་སྦེ་ ལོ་༦ ལཱ་འབད་ནུག།
དངུལ་རྩིས་བློན་པོ་སྦེ་ གདམ་འཐུ་གྲུབ་མི་ བྲག་སྟེང་-གླང་མཐིལ་གྱི་འདེམས་ངོ་ རྣམ་རྒྱལ་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ ཚོགས་པ་དེ་གི་ འདེམས་ངོ་སྦེ་ བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ཡོདཔ་ད་ དེ་གི་ཧེ་མར་ འབྲུག་གོང་འཕེལ་དངུལ་ཁང་ནང་ ལོ་༡༥ ལཱ་འབད་ཡོདཔ་ཨིན་པས།
ཁག་འབགཔ་ཨིན་པའི་ཁར་ སྤྱི་མི་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ ཨ་ཐང་-ཐེད་ཚོ་འདེམངས་ཁོངས་ལས་ ད་རིས་ཀྱི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་མི་ རྟ་མགྲིན་དབང་ཕྱུག་དེ་ གསོ་བའི་བློན་པོ་སྦེ་ བསྐོ་བཞག་འབད་ནུག།
ལྷུན་རྩེ་སྨན་སྦིས་-བཙན་མཁར་གྱི་ ཡེ་ཤེས་རྡོ་རྗེ་དེ་ སོ་ནམ་བློན་པོ་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོ་ཚོགས་པ་ནང་ མ་འཛུལ་བའི་ཧེ་མར་ སོ་ནམ་ལྷན་ཁག་གི་ འཆར་གཞི་འགོ་དཔོན་གོངམ་སྦེ་ ཕྱག་ཞུ་ཡོདཔ་ད་ དུས་ཅི་ སྲིད་ཚོགས་ནང་ ལོག་མ་འོང་པའི་ཧེ་མར་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ ལས་འགུལ་ལག་ལེན་གྱི་ སྡེ་ཚན་འགོ་ཁྲིདཔ་སྦེ་ ལཱ་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment