གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕང་གླིང་མི་ཐང་ནང་ ལག་རྩལ་བཱོལ་ལི་བཱོལ་འགྲན་བསྡུར་ འགོ་བཙུགས་ཡོདཔ།

༢༩/༧/༢༠༡༣   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ལག་རྩལ་བཱོལ་ལི་བཱོལ་འགྲན་བསྡུར་འབད་སའི་ རྩེད་ཐང་བཟོ་སྐྲུན་འབད་མི་དེ་ འགོ་འབྱེད་འབདཝ་ད་འབྲེལ་ ལས་ཁུངས་ཁག་གི་ སྡེ་ཚན་༡༣ གྱི་བར་ན་ འགྲན་བསྡུར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྩེད་ཐང་འགོ་འབྱེད་འབདཝ་ད་འབྲེལ་ ཨོ་ལིམ་པིག་ཚོགས་པ་དང་ གཞན་མི་ སྡེ་ཚན་དང་མཉམ་ རྩེད་འགྲན་འབད་བའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༧/༢༠༡༣   གཞན་ལུ་བརྙས་བཅོས་འབད་ནི་ཚུ་ཡང་ མིའི་དལ་དབང་ཨིན་ན?
༉ འབྲུག་རྒྱལ་ཁབ་འདི་ བརྡ་དོན་འཕྲུལ་རིག་གི་ དུས་སྐལ་ནང་ འཛུལ་ཞུགས་འབད་དེ་ ཡུན་རིངམོ་མ་འགྱོ་རུང་ ད་རིས་ནངས་པ་ གནས་ཚུལ་བརྡ་སྤེལ་གྱི་ མགྱོགས་ཧིང་ནང་ལྷོདཔ་ད་ བརྡ་བརྒྱུད་གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ཚུ་ལས་ མི་སྡེའི་བརྡ་བརྒྱུད་མགྱོགས་དོ་བཟུམ་སྦེ་ མཐོང་སྣང་བྱུངམ་ཨིན་མས།

སོ་ནམ་པ་ཚུ་གིས་ གློག་ཐག་གི་ རཝ་ཐོབ་འདོད་བསྐྱེད་དོ་ཡོདཔ།

༢༩/༧/༢༠༡༣   ༉ ད་རེས་ནངས་པར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ སོ་ནམ་ཞིང་པ་ཚུ་ལུ་ ཉལ་རུང་གཉིད་མེད་ བཞེས་སྒོ་བཟའ་རུང་ བཅུད་མེད་པའི་ གནས་སྟངས་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
རི་ཕག་ཚུ་གིས་ གནོདཔ་བཀལ་མི་ གེ་ཟའི་ཞིང།

གཟི་ལུང་ཁ་ ཨ་ནེམ་གྲྭ་ཚང་ནང་ མ་ཎི་དུང་སྒྲུབ་བསགས་དོ་ཡོདཔ།

༢༧/༧/༢༠༡༣   ༉ ཐིམ་ཕུ་གཟི་ལུང་ཁ་ ཨ་ནེམ་གྲྭ་ཚང་ནང་སྦེ་ ལོ་བསྟར་བཞིན་དུ་ བསགས་མི་མ་ཎི་དུང་སྒྲུབ་བསགས་ནི་དེ་ འགོ་བཙུགས་ཡོདཔ་ཨིན་པས།
དད་ཅན་སྐྱ་སེར་ཕོ་མོ་ ཨ་རྒས་དང་ ཨང་རྒས་༤༠༠ ལྷགཔ་ཅིག་དང་ ཨ་ནེམ་༤༠ དེ་ཅིག་གིས་ མ་ཎི་དུང་སྒྲུབ་བསགས་ཏེ་ ཉིན་གྲངས་༥ སོང་ཡོདཔ་ཨིན་པས།

མ་ཎི་བགྱང་མི་རྒན་རྒས་ཚུ་ ཉི་མའི་ ལྟོ་ཟ་བའི་བསྒང་།

ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་ ཌོ་ལར་༦༠༠ ལུ་གཏན་འཁེལ།

༢༧/༧/༢༠༡༣   ༉ འབྲུག་གི་ཨེ་པཱལ་ཕྱིར་ཚོང་འཐབ་ནི་དེ་ སྤྱི་ཟླ་༨ པའི་ཚེས་༡༥ ལས་ འགོ་བཙུགས་ནི་ཨིན་པས།
དེ་ཡང་ ཕུན་ཚོགས་གླིང་གི་ འབྲུག་ཕྱིར་ཚོང་ཚོགས་པ་གིས་ དངུལ་ཐོག་ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་དེ་ མེ་ཊིག་ཊཱན་རེ་ལུ་ ཡུ་ཨེསི་ཌོ་ལར་༦༠༠ རེ་སྦེ་ གཏན་འཁེལ་བཟོ་ཡོདཔ་ལས་ ན་ཧིང་གི་ གཞི་རྟེན་གོང་ཚད་ ཡུ་ཨེསི་ཌོ་ལར་༧༥༠ དང་ཕྱདཔ་ད་ མར་བབས་སོང་ཡོདཔ་ཨིན་པས།

ན་ཧིང་ བང་ལ་དེཤ་ལུ་ བཙོང་ནིའི་དོན་ལས་ སོ་ནམ་ཞིང་པ་ཅིག་ལས་ཉོ་མི་ ཨེ་པཱལ་ཚུ་ ལས་མི་ཚུ་གིས་ སྣུམ་འཁོར་ཊཱག་ནང་ལས་ བཏོན་པའི་བསྒང་།

ཐིམ་ཕུ་ལུ་ ཉིནམ་༡ ནང་ མི་༢ ལུ་གྱི་གསོབ་ཡོདཔ།

༢༧/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་རྩ་བར་ སྐྱེས་ལོ་༡༨ ལང་མི་ བུཚ་ཅིག་ལུ་ གྱི་གསོབ་སྟེ་ རྨ་སྐྱོན་སྦོམ་སྦེ་ བཏོན་ཡོད་མིའི་ནང་ འབྲེལ་བ་ཡོད་པའི་ དོགས་ཅན་ཕོ་སྐྱེས་གཉིས་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ལོ་ངོ་བཅུ་ཕྲག་ལས་བཅད་དེ་སྡོད་མི་ འཆོལ་ལོང་གི་ མི་ཚེའི་གནས་སྟངས།

༢༧/༧/༢༠༡༣   སེམས་གནས་པ་མེད་པའི་ འཆོལ་ལོང་ཚུ་གིས་ མི་སྡེའི་ནང་ བྱ་སྟབས་མ་བདེཝ་དང་ ཉེན་ཁ་ཡོདཔ་ལས་ དེ་ལུ་ ཐབས་ལམ་བཏོན་དགོ་པའི་ གཞི་གནས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
༉ མོང་སྒར་ཁྲོམ་ཁར་སྡོད་མི་ ཨ་ལུའི་ཕམ་ཚུ་གིས་ ཁོང་རའི་ཨ་ལུ་ཚུ་ སྔུ་བའི་སྐབས་ལུ་ སྔུ་ནི་ལས་སངས་ཐབས་ཀྱི་ཐབས་ཤེས་མ་འདྲཝ་ཅིག་ཡོདཔ་ལས་ སྔུ་ནི་སངས་ཚུགས་ཐབས་ལུ་ འཇམ་དོ་ཡོདཔ་ཨིན་པས།
དེ་ཡང་ ཨ་ལུ་ སྔུ་ནི་ལས་སངས་ནིའི་དོན་ལུ་ གུ་རམ་དང་ ཏི་རུ་ ག་ནི་ཡང་བྱིན་མ་དགོ་པར་ ཐད་ཀར་དུ་ ཁྱོད་འབག་ནི་སྦེ་ ཨ་རྒས་འཆོལ་ལོང་དེ་འོང་དེས་ཟེར་ སླབ་པའི་སྐབས་ལུ་ ཨ་ལུ་ཚུ་གིས་ མ་སྔུ་བར་སྡོད་དོ་ཡོདཔ་ལས་ ཕམ་མང་ཤོས་ཅིག་གིས་ ཨ་ལུ་ཚུ་ལུ་ དེ་སྦེ་ར་ དཀྲོགསཔ་ཨིན་པས།

མོང་སྒར་ཁྲོམ་ཁའི་འཆོལ་ལོང་།

ཁྲོམ་ས་བགོ་བཀྲམ་འབད་ནིའི་དོན་ལུ་ ས་འཇལ་ལྷན་ཚོགས་ལས་ མཐའ་བཅད་ཡིག་ཆ་ལུ་ སྒུག་དོ་ཡོདཔ།

༢༧/༧/༢༠༡༣   ༉ རྩི་རང་རྫོང་ཁག་གི་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་གྱི་ས་ཁོངས་ནང་ ས་ཆ་འཆང་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་རུང་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ལས་ མཐའ་བཅད་ཡིག་ཆ་ཚུ་ མ་ལྷོད་ནི་དེ་གིས་ སྒུག་སྟེ་ཡོད་ཟེར་ཨིན་པས།
སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་བྱུང་མི་ རྩི་རང་འགྲམ་ཕུག་གི་ཁྲོམ།

མི་མང་གི་བསམ་འཆར།

༢༧/༧/༢༠༡༣   ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་ལུ་ལེགས་སྨོན།
༉ ད་རིས་ གཟའ་སྐར་དགེ་བའི་ཉིནམ་དང་འབྲེལ་ དམངས་གཙོ་ཅན་གྱི་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་གསརཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་བདག་རྐྱེན་བཞེས་མི་ཚུ་ལུ་ རྫོང་ཁག་༢༠ གི་ མི་སེར་ཚུ་གི་ ཁ་ཐུག་ལས་ བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི།

ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་གི་བསམ་བཤད།

༢༧/༧/༢༠༡༣  


ད་རིས་ འབྲུག་རྒྱལ་པོ་མཆོག་གིས་ བློན་ཆེན་དང་ བློན་པོ་༡༠ ལུ་ བདག་རྐྱེན་གནང་ནི།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གཉིས་པ་ཨིན་མས།

༉ ད་རིས་དྲོ་པའི་ཆུ་ཚོད་༡༠ ལུ་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡༠ ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ བདག་རྐྱེན་གནང་ནི་ཨིན་པས།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གཉིས་པ་སྦེ་ བདག་རྐྱེན་གནང་ནི་ཨིནམ་ད་ འབྲུག་པའི་མི་སེར་གྱིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ རྒྱལ་ཁབ་ཀྱི་ སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་སྐབས་ སྤྱི་ཚོགས་དང་པའི་ནང་ ལྡོག་ཕྱོགས་ཚོགས་པ་སྦེ་ བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན།

བློན་པོ་གསར་པའི་མཚན་ཐོ་ཚུ་ གསལ་བསྒྲགས་འབད་ཡོདཔ།

༢༦/༧/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་ནང་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསར་པའི་ མཚན་ཐོ་ཚུ་ གསལ་བསྒྲགས་འབད་ཡི།
Add caption

བློན་པོ་ཚུ་གི་ རྒྱབ་ཁུངས་སྣ་ཚོགས་ཐོག་ ལྷན་རྒྱས་གཞུང་ཚོགས་གཞི་བཙུགས།

༉ མི་སེར་དམངས་གཙོ་ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་གསརཔ་དེ་ གཞུང་གི་འགོ་དཔོན་བགྲེསཔ་དང་ གྲོས་སྟོན་པ་ ཚོང་པ་ཚུ་ཡོད་མི་ བློན་པོ་སྡེ་ཚན་ཅིག་གིས་ དབུ་ཁྲིད་འབད་ནི་ཨིན་པས།
བློན་པོ་ཚུ་གིས་ གཞུང་གི་ལྷན་ཁག་གི་ འགན་འཁྲི་འགོ་དང་པ་འབག་ནི་ཨིནམ་བཞིན་དུ་ ཁོང་མང་ཤོས་ཅིག་ར་ འདི་བཟུམ་མའི་ འགན་ཁུར་ལྕི་དྲགས་འབག་ནི་གི་ གནས་རིམ་ནང་ མ་ལྷོདཔ་ལས་ ཉམས་མྱོང་གསརཔ་ཅིག་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༦/༧/༢༠༡༣
ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་བདའ་སྟེ་ འཕྲལ་འཕྲལ་སྦེ་ར་ ནོར་ལེ་ཤ་མཐོང་ནི་ཡོདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོད་མི་དེ་ལུ་ ལྟ་རྟོག་འབད་མི་མེདཔ་ཨིན་ན?


ཁ་ཙ་གི་རྩེད་འགྲན་ནང་ ཐིམ་ཕུ་ཐིམ་ཕུ་ཁྲོམ་སྡེ་ ཕམ་ཡོདཔ།

༢༦/༧/༢༠༡༣   ༉ ཁ་ཙ་ ཀིངསི་ཀ་ལབ་ཕུཊ་བཱོལ་འགྲན་བསྡུར་ནང་ ཐེ་རི་ཨིསི་ཊར་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཐིམ་ཕུ་ཁྲོམ་སྡེ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས་རུང་ དོ་འགྲན་ལེགས་ཤོམ་འབད་མི་ལུ་བརྟེན་ ཉམས་མྱོང་སྦོམ་ ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་སྡེ་ཚན་གྱིས་ རྩེད་འགྲན་འགོ་བཙུགས་ནི་ལུ་ གྲ་གྲིགས་འབད་བའི་བསྒང་།

ཀེ་བ་གི་ཐོན་སྐྱེད་ལས་ ཉིམ་གང་ཤར་མེ་ཏོག་གིས་ འོང་འབབ་སྦོམ་བཟོ་ཚུགས་ཡོདཔ།

༢༦/༧/༢༠༡༣   ༉ བུམ་ཐང་གི་མི་སེར་ཚུ་ལུ་ ཀེ་བ་གི་ཐོན་སྐྱེད་མར་བབས་སོང་མི་དང་འབྲེལ་ དེ་གི་ཚབ་ལུ་ འོང་འབབ་བཟོ་ནིའི་ཐབས་ལམ་ཅིག་ ཉིམ་གང་ཤར་མེ་ཏོག་ འཛུགས་སྐྱོང་འབད་ནི་དེ་ཨིན་པས།
དེ་ཡང་ མེ་ཏོག་དེ་གིས་ སོ་ནམ་ཞིང་མི་ཚུ་ལུ་ འོང་འབབ་བཟོ་ནི་རྐྱངམ་གཅིག་གིས་མ་ཚད་ མེ་ཏོག་གི་རྡོག་མ་དེ་ བཟའ་བཏུབ་པའི་ཁར་ ཟས་བཅུད་ལྡན་ཅན་ཅིག་ཡང་ཨིན་པས།

བུམ་ཐང་ལུ་འཛུགས་སྐྱོང་འབད་མི་ ཉིམ་གང་ཤར་མེ་ཏོག།

ཕུན་ཚོགས་གླིང་ལུ་ གཞན་གྱི་ཆོག་ཐམ་ཐོག་ ཚོག་འབྲེལ་འཐབ་པའི་མངོན་གསལ།

༢༦/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུའི་ཆུ་ཚོད་༦ ལས་ ས་མཚམས་ཀྱི་ སྒོ་ར་བསྡམས་བཞག་མི་ལུ་བརྟེན་ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་ཁར་ འགྲོ་འགྲུལ་འབད་མི་མེད་པའི་ཁར་ ཚོང་ཁང་བརྒྱ་ཆ་༩༠ དེ་ཅིག་ སྒོ་བསྡམས་ཡོདཔ་ལས་ ཁྲོམ་སྟོང་ཧང་ཧ་ཐལ་ཡོདཔ་ཨིན་པས།
ཁ་ཙ་ སྟོང་ཧང་ཧ་སྦེ་ལུས་མི་ ཕུན་ཚོགས་གླིང་ཁྲོམ།

རྩོམ་སྒྲིག་པའི་སྣང་འཆར།

༢༦/༧/༢༠༡༣   དགོངས་ཕོག་ལམ་ལུགས་དྭངས་གསལ་བཟོ་མི་གིས་ ཉེས་མེད་ཚུ་ལུ་ བརྡབ་གསིག་མི་འབྱུང་ནི།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་ལག་ལེན་ནང་ འབྲེལ་གནད་ཡོད་མི་ སྤྱི་གཡོགཔ་དང་ ཞི་གཡོགཔ་ཚུ་ ཕྱོགས་གཅིག་གི་སྒོ་ལས་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་མི་དེ་གིས་ ཉེས་འཛུགས་ཅན་ལུ་ དོན་མེད་ཀྱི་ བརྡབ་གསིག་དང་ སྡུག་གྱོང་བྱིན་མི་གིས་མ་དོ་བར་ གཞུང་ལུ་ སྐུ་གྱོང་བཀལཝ་ཨིན་མས།

བུམ་ཐང་ལུ་ སོ་ནམ་ལཱ་ཚུ་ འཕྲུལ་ཆས་ཐོག་ལས་འབད་ནི།

༢༦/༧/༢༠༡༣   ༉ ལས་མིའི་དཀའ་ངལ་བསལ་ནི་དང་ དུས་ཚོད་དང་ མ་དངུལ་འཕྲོ་བརླག་འགྱོ་ནི་ལས་ སྲུང་ཐབས་ལུ་ སོ་ནམ་ལྷན་ཁག་གིས་ བུམ་ཐང་ལུ་ འབྲུ་སྣ་ཚུ་ བརྔ་ནིའི་དོན་ལས་ རྔ་འཕྲུལ་ཅིག་དང་ ཀེ་བ་རྐོ་འཕྲུལ་ཅིག་ འགོ་བཙུགས་དོ་ཡོདཔ་ཨིན་པས།
རྔ་འཕྲུལ་ལག་ལེན་འཐབ་ཐོག་ལས་ དཀར་རྔ་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༦/༧/༢༠༡༣
སྤྱི་ཟླ་༧ པའི་ཚེས་༢༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཆུ་ཁ་རྫོང་ཁག་འོག་གི་ སྤ་སྒར་དགོན་པའི་ལྷ་ཁང་ གསར་བཞེངས་འབད་ནིའི་དོན་ལུ་ ས་བླང་རྟེན་འབྲེལ་ བརྩི་གནང་ཡོདཔ་བཞིན་དུ་ ཐོག་ཚད་༣ འབད་མི་ལྷ་ཁང་དེ་ འདས་པའི་ལོ་ནང་ མེ་མཆོད་བཞེས་ཡོདཔ་ཨིན་པའི་གནས་ཚུལ།


རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ རྒྱ་གར་ལུ་ ལེགས་སྨོན་ལྟ་སྐོར།

༢༦/༧/༢༠༡༣   ༉ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་ཤུལ་ལས་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཕྱེད་ཀ་ལྷགཔ་ཅིག་ ད་རེས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་འབྲེལ་ལྟ་སྐོར་དང་པ་འབད་བའི་བསྒང་ཡོདཔ་ཨིན་པས།

སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༢༥/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ བརྡ་བརྒྱུད་ཚུ་ལུ་ གནས་ཚུལ་གསར་བཏོན་ཅིག་འབད་མིའི་ནང་ ཚོགས་པ་གིས་ བཙག་འཐུའི་གྲུབ་འབྲས་དང་བསྟུན་ རྒྱལ་ཁབ་ནང་ ལྡོག་ཕྱོགས་ཀྱི་ དཔེ་སྟོན་རུང་བའི་ཐོག་ལས་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་མི་དང་བསྟུན་ དམ་ཚིག་གཙང་མའི་ཐོག་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ར་ ཞུ་ནི་ཟེར་བཤད་ཅི།

དབང་འདུས་དང་ རྩི་རང་གི་གཞུང་ལམ་ ད་རིས་དྲོ་པ་ལས་ ལོག་སྒོ་ཕྱེ་ནི།

༢༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༣ གྱི་ ཕྱི་རུའི་ཆུ་ཚོད་༡༠ དེ་ཅིག་ལུ་ དབང་འདུས་ཕོ་བྲང་དང་ རྩི་རང་བར་ནའི་ གཞུང་ལམ་ཆད་མི་ལུ་བརྟེན་ ཁ་ཙ་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཚུན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་མི་དེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ལས་ ལོག་བཏང་ཡི།
དབང་འདུས་ཟམ་པ་ལས་ རྩི་རང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་ཁར་ རིང་ཚད་ཕིཊ་༦ དེ་ཅིག་ བརྡིབ་སོ་མི་གཞུང་ལམ།

ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས།

༢༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ ཨཱསི་ཊེ་ལི་ཡ་ ཀུ་ཡིནསི་ལེནཌ་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ བཀྲིས་ཆོས་འཛོམས་དེ་ སྤྱི་ལོ་༢༠༡༣ ལོའི་ཁྱད་རིག་མཆོག་འགྱུར་གྱི་ དམིགས་བསལ་གཟེངས་རྟགས་ཐོབ་མི་ཅིག་ཨིནམ་སྦེ་ གསལ་བསྒྲགས་འབད་ནུག།

ཡིད་འཛིན་སྡེ་ཚན་ ནེ་པཱལ་སྡེ་ཚན་ལས་ཕམ་ཡོདཔ།

༢༥/༧༢༠༡༣   ༉ ཁ་ཙ་ ལྕང་གླིང་མི་ཐང་ནང་སྦེ་ ནེ་པཱལ་ལས་ ཨེལ་ཨེཆ་ཨེམ་ མཱ་ནན་དང་ འབྲུག་ལས་ ཡིད་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ནེ་པཱལ་གྱིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༣ བཙུགསཔ་ད་ ཡིད་འཛིན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས་པས།

འབུབ་རིན་བསྡུར་ས་ཁོངས་ནང་ གནས་སྐབས་ཚོང་ཁང་ཚུ་གི་ ཁེ་སའི་འབྱུང་ཁུངས་ཅིག་ཨིནམ།

༢༥/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་ རིན་བསྡུར་ག་ཏེ་འབད་ས་ལུ་ གནས་སྐབས་ཀྱི་སྒར་བཅགས་ཏེ་ ཚོང་ཁང་བཙུགས་ཐོག་ལས་ ཚོང་རྐྱབ་མི་ཚུ་གིས་ འབུབ་ཚོང་འབྲེལ་འཐབ་མི་ཚུ་ལས་ མ་དངུལ་བཟོ་ཚུགས་པའི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་པས།
ས་གནས་ཁར་ ཚོང་བཙོང་མི་དང་ ཉོ་མི་ བརྒྱ་ལས་བཅད་དེ་འཛོམས་དོ་ཡོད་པའི་ཁར་ གོ་ལ་དང་ འཕྲུལ་ཆས་ཀྱི་རིགས་ བཟའ་ཁང་ དེ་ལས་ བཟོ་ཆས་ཀྱི་རིགས་ བཙོང་མི་ལེ་ཤ་སྤུངས་འཛོམས་འབད་འི་སྐབས་ གྲྭ་ཚང་དགོན་སྡེ་དང་ རབ་སྡེ་ཚུ་ནང་ ལོ་བསྟར་གྱི་ ཚེས་བཅུ་འགོ་འདྲེན་འཐབ་པའི་སྣང་བ་ཡང་ ཤར་དོ་ཡོདཔ་ཨིན་པས།

འབུབ་ཚོང་འབྲེལ་འཐབ་མི་ཚུ་གིས་ གནས་སྐབས་ཀྱི་ སྒར་བཅགས་སྡོད་པའི་མཐོང་སྣང་།

ཕམ་ཚུ་ ལོ་ན་རྒསཔ་ད་ བདག་འཛིན་འཐབ་དགོཔ་ཨིནམ།

༢༥/༧/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་མི་མང་སྐྱེལ་འདྲེན་བཱསི་ བཞག་སའི་ས་ཁོངས་ ལུང་བསྟན་ཟམ་པ་ལུ་ མོང་སྒར་ལས་ཨིན་མི་ སྐྱེས་ལོ་༧༦ ལང་མི་ ཨ་རྒས་སངས་རྒྱས་ཕུན་ཚོགས་ཁོ་ར་ ག་ཏེ་འགྱོ་ནི་ཨིན་ན་ ཐག་བཅད་མ་ཚུགས་པར་ སྡོད་ཡོདཔ་ཨིན་པས།
ལུང་བསྟན་ཟམ་པ་ལུ་ འགྲུལ་སྐྱེལ་བཱསི་གི་ ཤོག་འཛིན་བཏོག་པར་འོང་མི་ ཨ་རྒས་སངས་རྒྱས་ཕུན་ཚོགས།

སྲིད་ཚོགས་ནང་ཐོ་བཀོད་འབད་མི་ཚུ་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོག་ནི།

༢༥/༧/༢༠༡༣   ཞི་གཡོག་སྔོན་འགྲོའི་ཆོས་རྒྱུགས་ནང་ སྲིད་ཚོགས་ཀྱི་ འབྲེལ་གཏོགས་ཅན་གྱི་ཐོ་བཀོད་འབད་མི་ཚུ་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་རུང་ འདེམས་ངོ་སྦེ་དོ་འགྲན་འབད་མི་ཚུ་ ཁྲིམས་ལུགས་ལྟར་དུ་ གནས་དགོ་ནི་ཨིན་པས།
༉ སྲིད་དོན་ཚོགས་པ་ཚུ་ནང་ འཐུས་མི་འབད་ཐོ་བཀོད་འབད་མི་ འབྲུག་གི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་ན་གཞོན་ཚུ་གིས་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཆོག་ནི་ཨིན་པས།

དབྱར་རྩྭ་དགུན་འབུབ་ཀྱི་སྤུས་ཚད་ བརྟག་དཔྱད་ངེས་གཏན་མེདཔ།

༢༥/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་དེ་ གོང་ཚད་སྦོམ་གནས་མིའི་ རྒྱུ་དངོས་ཅིག་ཨིན་རུང་ འབུབ་ཀྱི་སྤུས་ཚད་བརྟག་དཔྱད་དེ་ འཕྲུལ་རིགས་དང་ ཚན་རིག་གི་ཐོག་ལས་ འབད་ནིའི་ལམ་ལུགས་མེདཔ་ལས་ ད་ལྟོ་བར་ན་ཡང་ འབུབ་ཀྱི་ཆེ་ཆུང་དང་ བཟོ་དབྱིབས་ དེ་ལས་ ཁ་མདོག་ལུ་བལྟ་སྟེ་ གོང་ཚད་བཀོད་དོ་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་འཐུ་མི་ ཨམ་སྲུ་ཚུ་ལུ་ ཏི་རུ་སྤྲོད་པའི་བསྒང་།

སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལས་ མོང་སྒར་རྫོང་ཁག་བདག་སྐྱོང་གིས་ ཁྱིམ་ཐོག་གཅིག་གི་འོག་ལས་ ཞབས་ཏོག་སྤྲོད་ཚུགས་ནི།

༢༥/༧/༢༠༡༣   ༉ ད་རེས་ནངས་པ་ མོང་སྒར་རྫོང་ཁག་བདག་སྐྱོང་གི་དོན་ལུ་ སྒྲིང་ཁྱིམ་༤ དེ་ཅིག་ གྲ་སྒྲིག་ཚུད་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་ནང་ ལཱ་འབད་མི་ཚུ་གིས་ འཕྲལ་མགྱོགས་ར་ མི་སེར་ཚུ་ལུ་ ཁྱིམ་ཐོག་གཅིག་གི་འོག་ལས་ ཞབས་ཏོག་སྤྲོད་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པ་མཇུག་བསྡུ་ཁམས་ལས་ བསྒྲུབ་ཚུགས་ནི་ཨིན་མི་ མོང་སྒར་རྫོང་གསརཔ།

རྩོམ་སྒྲིག་པའི་སྣང་འཆར།

༢༥/༧/༢༠༡༣   སྲིད་དོན་ནང་ འབྲེལ་གཏོགས་ཀྱི་གོ་ཡངས།
༉ དམངས་གཙོའི་རིང་ལུགས་ནང་ སྲིད་དོན་པ་སྦེ་ བཅའ་མར་གཏོགས་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་ཞུ་ནི་དེ་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་སྦེ་ བརྩི་འཇོག་འབདཝ་མ་ཚད་ འབྲེལ་གཏོགས་འབད་ནི་དེ་ རང་སོའི་གཞི་རྟེན་ཐོབ་དབང་ཅིག་ཨིན་རུང་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་དང་ ཞི་གཡོག་པའི་བཅའ་ཡིག་དང་ སྒྲིགས་གཞི་ཚུ་ལུ་བརྟེན་ དང་འདོད་ཅན་ཚུ་ལུ་ སྤྲོ་བ་ཞན་བཅུགཔ་ཨིན་མས།

ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་ སྤྱི་ཟླ་༧ པའི་ཚེས་༢༦ གི་དྲོ་པ་ཚུན་ མི་ཕྱེ་ནི།

༢༥/༧/༢༠༡༣   ༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ མ་ལངམ་ཅིག་ཁར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ལུ་ ཨ་རྟག་དང་མ་འདྲ་བའི་ མཐོང་སྣང་ཅིག་ བྱུང་མི་དེ་ཡང་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་མཚམས་ཀྱི་ སྒོ་ར་བསྡམ་ནི་འབདཝ་ད་ ས་མཚམས་ནང་ན་དང་ རྒྱ་གར་གྱི་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་དང་ རྒྱ་གར་གྱི་ མི་གཉིས་ཆ་ར་ རྐང་འགྲུལ་པའི་ སྒོ་ར་ཁ་ཐུག་ལུ་ རྒྱུག་འགྱོ་སར་ མཐོང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ས་མཚམས་ཁར་ རྐང་འགྲུལ་པའི་སྒོ་ར་ བསྡམས་ཚརཝ་ད་ མི་ཚུ་ སྤྱགས་སྡུག་འཐབ་སྡོད་པའི་བསྒང་།

ད་རིས་ཕྱི་རུ་ལས་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་བསྡམ་ནི།

༢༤/༧/༢༠༡༣   ༉ ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་གིས་ ད་རིས་ཕྱི་རུའི་ཆུ་ཚོད་༦ ལས་འགོ་བཙུགས་ སྤྱི་ཟླ་༧ པའི་ཚེས་༢༦ གི་དྲོ་པའི་ཆུ་ཚོད་༦ ཚུན་ཚོད་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་དང་ རྐང་འགྲུལ་པའི་སྒོ་ར་གཉིས་ཆ་ར་ བསྡམས་ཐོག་ལས་ སྣུམ་འཁོར་དང་ མི་ཚུ་གི་ འགྲུལ་སྐྱོད་བཀག་དམ་འབད་ནི་ཨིན་པས།
རྒྱ་གར་ཨ་སཱམ་ལུ་ ཁ་ཙ་ལས་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༣༦ གི་རིང་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ ས་མཚམས་བརྒྱུད་དེ་ འགྲུལ་སྐྱོད་འབད་མི་ མི་མང་སྐྱེལ་འདྲེན་བཱསི་དང་ སྣུམ་འཁོར་གཞན་ཚུ་ ཐོགས་ལུས་ཡོད་པའི་གནས་ཚུལ།

མངོན་མཐོ་ཁྲིམས་འདུན་གྱིས་ཡང་ གསོ་བའི་འགོ་དཔོན་༤ ཉེས་གྲོལ་བཏང་ཡོདཔ།

༢༤/༧/༢༠༡༣   དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ འདས་པའི་ཟླཝ་ནང་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ནུག།
༉ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ གཞི་འཛིན་ཐོག་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་སོང་མི་ གསོ་བའི་འགོ་དཔོན་༤ ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་གྱིས་ཡང་ ཉེས་གྲོལ་བཏང་ནུག།

བྱང་སྟོར་ཤོར་མི་བུམོ་ཅུང་ རྩིས་སྤྲོད་འབད་ཡོདཔ།

༢༤/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༠ གི་ཕྱི་རུ་ ཁྲིམས་སྲུང་འགག་པའི་ ལྟ་རྟོག་པ་ཚུ་གིས་ ཐིམ་ཕུ་ལྕང་ཟམ་ཏོག་གི་ས་ཁོངས་ནང་ སྐྱེས་ལོ་༦ ལང་མི་ བུམོ་ཅུང་ཅིག་ བཤལ་སྡོད་སར་མཐོངམ་ལས་ ཨམ་སྲུ་དང་ཨ་ལུ་གཅེས་སྐྱོང་ལྟེ་བའི་ནང་ བཞག་པའི་ཤུལ་ལས་ ཁ་ཙ་ མོ་རའི་ཕམ་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
བུམོ་ཅུང་དེ་ ཞག་༢ ཀྱི་རིང་ ཨམ་སྲུ་དང་ཨ་ལུ་གཅེས་སྐྱོང་ལྟེ་བ་ནང་ བཞག་ཡོདཔ་མ་ཚད་ ཞག་༡ རི་ནིའུ་ནང་ བཞག་ཡོདཔ་ཨིན་པས།


ཏམ་ཁུ་བཀག་འཛིན་དང་ གནོད་ཉེན་གྱི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ།

༢༤/༧/༢༠༡༣   ༉ ཐིམ་ཕུ་ ནོར་འཛིན་ལམ་ཁ་ལས་ཕར་ཡོད་མི་ རྡོག་མ་ཚོང་ཁང་ཆུང་ཀུ་ཚུ་ནང་ ད་ལས་ཕར་ སི་གེ་རེཊ་དང་ ཁའི་ནི་ཏམ་ཁུའི་རིགས་ཚུ་ མི་བཙོང་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།
དེ་ཡང་ རྡོག་མ་ཚོང་ཁང་ནང་ ལཱ་འབད་མི་ཅིག་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ མི་བཙོང་ནི་སྦེ་ ཐག་བཅད་དགོ་མི་དེ་ ཁ་ཙ་ ཐིམ་ཕུ་ཁྲོམ་ཁ་ལུ་སྦེ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་འགོ་དཔོན་ཚུ་གིས་ ཁྲིམས་གཞི་བཙུགས་འབད་མི་ལས་སྡེ་ཚུ་དང་ མཉམ་རུབ་ཐོག་ལས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་པ་ཅིན་ བདག་གཞན་༢ ཆ་ར་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།


འབྲུག་པའི་སྡེ་ཚན་ ཐིམ་ཕུ་ཁྲོམ་སྡེ་གིས་ གཱོལ་༢ བཙུགས་ཏེ་ རྒྱལ་མི་ལུ་ ལྟདམོ་ལྟ་མི་ཚུ་ སེམས་དགའ་ཡོདཔ།

༢༤/༧/༢༠༡༣   ༉ འབྲུག་པའི་ཕུཊ་བཱོལ་རྩེད་འགྲན་པའི་སྡེ་ཚན་ ཐིམ་ཕུ་ཁྲོམ་སྡེ་གིས་ བར་མཚམས་ཀྱི་དུས་ཚོད་མ་ཚང་བའི་ཧེ་མར་ བང་ལ་དེཤ་ བི་ཇེ་ཨེམ་སི་ སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ད་ བང་ལ་དེཤ་སྡེ་ཚན་ཚུ་ སེམས་དང་མ་ལྡནམ་ལས་ འགོ་འདྲེན་འཐབ་མི་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་།

གནས་ཚུལ་མདོར་བསྡུས།

༢༤/༧/༢༠༡༣
སྤྱི་ཟླ་༧ པའི་ཚེས་༡༨ ལུ་ ཕུཊ་བཱོལ་གྱི་ གཞི་རིམ་སྦྱོང་བརྡར་དོན་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ གཙོ་འཛིན་དང་ ཀུ་ཝེཊི་ཕུཊ་བཱོལ་ཚོགས་སྡེའི་ གཙོ་འཛིན་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་མི་ལུ་བརྟེན་ མ་འོངས་པ་ལུ་ ན་གཞོན་ཚུ་གི་ ཕུཊ་བཱོལ་གནས་ཚད་ ཡར་དྲག་གཏང་ཚུགས་ནི་ ཨིན་པའི་གནས་ཚུལ།

འབྲུག་ཕུན་སུམ་ཚོགས་པའི་ དོན་ཚན་༡༥ བསྐྱར་ཞིབ་འབད་དགོ་པའི་བཀའ་རྒྱ།

༢༤/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ དོན་ཚན་༡༥ འབད་མི་གནད་དོན་ཚུ་བཀོད་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཕུལ་ཡོད་མི་དེ་ མི་དབང་མཆོག་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཚུལ་མཐུན་གྱི་བསྐྱར་ཞིབ་འབད་དགོཔ་སྦེ་ གནང་མི་དེ་ ལྷན་ཚོགས་ཀྱིས་ད་ལྟོ་ ག་དེ་སྦེ་འབད་ནི་ཨིན་ན་ མ་ཤེས་པར་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ མི་མང་སྐྱེལ་འདྲེན་ཊཱག་གི་དོན་ལུ་ ཤོང་ཚད་ཡར་སེང་འབད་དགོ་པའི་ཞུ་བ།

༢༤/༧/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༤ ལས་ དགེ་ལེགས་ཕུག་དང་ ཆུ་གཟར་སྒང་གི་བར་ན་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ ཟླཝ་ལྷགཔ་ཅིག་ལང་ཡོད་རུང་ ཞབས་ཏོག་གི་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ སྣུམ་འཁོར་ཊཱག་གི་ཤོང་ཚད་ ཡར་སེང་གནང་དགོ་པའི་སྐོར་ལས་ དགེ་ལེགས་ཕུག་ ལུང་ཕྱོགས་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ཡིག་ཚང་ལུ་ ཡི་གུ་བཙུགས་ཡོདཔ་ཨིན་པས།
འགྲུལ་པ་གི་ཤོང་ཚད་ ཡར་སེང་འབད་དགོཔ་ཡོད་མི་ མི་མང་སྐྱེལ་འདྲེན་ཊཱག།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༧/༢༠༡༣   ཁས་བླངས་འགྲུབ་དགོཔ་ ལེ་ཤ་ཡོདཔ།
༉ ཐིམ་ཕུ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་གཙོ་ཁང་ནང་ སྲིད་ཚོགས་ཀྱིས་ གཞུང་སྐྱོང་གི་ ཕྱག་ལཱ་འགོ་ཐོག་ཉིན་གྲངས་༡༠༠ གི་ ནང་འཁོད་ལུ་ ཁས་བླངས་མང་རབས་ཅིག་ འགྲུབ་དགོཔ་ཡོད་མིའི་སྐོར་ལས་ ལོ་རྒྱུས་དྲིཝ་ད་ ཚོགས་པའི་འགོ་དཔོན་ཚུ་གིས་ ལན་སྒྲིང་སྒྲིང་ཅིག་ སླབ་ནི་མིན་འདུག།
ཚོགས་པ་དེ་གིས་ ཁས་བླངས་ཀྱི་སྐོར་ལས་ ལོ་རྒྱུས་གངམ་སླབ་ནི་མེད་མི་དེ་ཡང་ དེབ་ཆུང་ཚུ་ནང་བཀོད་དེ་ སྤྱིར་བཏང་བཙག་འཐུ་མ་རན་པའི་ བདུན་ཕྲག་ལེ་ཤ་ཅིག་གི་ཧེ་མར་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བགོ་བཀྲམ་འབད་ཡོད་ནི་དེ་གིས་ཨིན་མས།


མོང་སྒར་དང་ ལྷུན་རྩེ་ལུ་ བཙག་འཐུ་དང་འབྲེལ་བའི་ ལོ་རྒྱུས་ཚུ་ཞི་ཡོདཔ།

༢༤/༧/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ རྩོད་རྙོགས་བཙུགས་ནིའི་ ཉིན་གྲངས་མཇུག་བསྡུ་ནི་ལུ་ ཉིནམ་༣ ལས་བརྒལ་མེད་རུང་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་མི་སེར་ཚུ་གིས་ ད་རེས་ནངས་པ་ བཙག་འཐུའི་ལོ་རྒྱུས་ཚུ་ སླབ་ནི་དེ་ ཞི་ཡོདཔ་ཨིན་པས།

ད་རུང་ དགེ་ལེགས་ཕུག་ལས་ འབྲུག་མི་༡ བཙན་ཁྲིད་འབད་ཡོདཔ།

༢༣/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ དགེ་ལེགས་ཕུག་གི་ ས་མཚམས་སྒོ་ར་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོད་མི་ དཱད་ག་རི་ཁྲོམ་ཁ་ལས་ བཙན་ཁྲིད་འབད་མི་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་ ཁོ་རའི་ ཕམ་དང་སྤུན་ཆ་ཚུ་གིས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

རེས་གཟའ་སྤེན་པ་ལུ་ བཙག་འཐུ་གྲུབ་མི་ བློན་ཆེན་གསརཔ་ལུ་ བདག་རྐྱེན་གནང་ནི།

༢༣/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ འབྲུག་གི་བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་བཙུགསཔ་དང་འབྲེལ་ གནས་སྐབས་གཞུང་ཡང་ མཇུག་བསྡུ་ནི་ཨིན་པས།
གཞུང་འབྲེལ་ཐོག་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཉིནམ་དེ་ནང་ བློན་ཆེན་གྱི་ གདམ་ངོ་སྦེ་ གདམ་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམངས་གཙོ་ཅན་གྱི་ཐོག་ལས་ བཙག་འཐུ་གྲུབ་མི་ བློན་ཆེན་སྦེ་ བདག་རྐྱེན་གནང་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།


ཁ་ཙ་གི་ ཕུཊ་བཱོལ་རྩེད་འགྲན་གྱིས་ མི་མང་ལུ་ སྤྲོ་བ་བྱུང་ཡོདཔ།

༢༣/༧/༢༠༡༣    ༉ ཁ་ཙ་ སྡེ་ཚན་ཀ་པ་ལས་ ནེ་པཱལ་ཨེན་ཨེམ་བི་ མ་ཆིན་ད་ར་ ཨེཕ་སི་ དང་ རྒྱ་གར་མོ་ཧཱན་བ་གཱན་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཱོལ་རེ་རེ་བརྒལ་བཙུགས་མ་ཚུགས་རུང་ གཞན་མིའི་རྩེད་འགྲན་ཚུ་དང་ཕྱདཔ་ད་ མི་ལེ་ཤ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
ཨེན་ཨེམ་བི་ མ་ཆིན་ད་ར་ཨེཕ་སི་དང་ མོ་ཧཱན་ བ་གཱན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

རྩེད་འགྲན་སྣ་མང་གིས་ ལྟདམོ་བལྟ་ནི་ལུ་ མགུ་འཐོམ་བྱུང་དོ་ཡོདཔ།

༢༣/༧/༢༠༡༣   ༉ ད་རེས་ནངས་པ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ལྟདམོ་གཅིག་བ་གཅིག་ སྤྲོ་བ་ཆེ་སུ་སྦེ་སྟོན་དོ་ཡོདཔ་ལས་ སྤྲོ་བ་ཅན་གྱི་ མི་ཚུ་ མདའ་རྩེད་བལྟ་ནི་ཨིན་ན་ ཡང་ན་ ཀིངསི་ཀ་ལབ་ཀྱི་ ཕུཊ་བཱོལ་འགྲན་བསྡུར་བལྟ་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་བྱུང་དོ་ཡོདཔ་ཨིན་པས།
མདའ་རྩེདཔ་ཅིག་གིས་ གཞུ་བཀང་པའི་བསྒང་།

འབྲུག་མཉམ་རུབ་ཚོགས་པ་གིས་ ཡུན་བརྟན་གནས་དོན་གྱི་ གྲོས་ཐག་བཅད་ཡོདཔ།

༢༣/༧/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཐེངས་༢ པའི་ འགོ་ཐོག་བཙག་འཐུའི་ནང་བཅའ་མར་གཏོགས་ཏེ་ རྒྱལ་ཁ་ཐོབ་མ་ཚུགས་མི་ འབྲུག་མཉམ་རུབ་ཚོགས་པ་དེ་ ཚོགས་པ་སྦེ་ར་སྡོད་ཞིནམ་ལས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པས།

ལས་བྱེདཔ་༦༣ ལུ་ ནད་གཞི་ཧེ་པི་ཊའི་ཊིས་ཁ་པ་ ཐོབ་ཡོད་པའི་ངོས་འཛིན།

༢༣/༧/༢༠༡༣   ༉ འཕྲལ་ཁམས་གཅིག་ཁར་ གསོ་བའི་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་སྦོམ་ཤོས་ཨིན་མི་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུ་ དེ་ལས་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ལུ་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ ལས་བྱེདཔ་༦༣ ལུ་ ནད་གཞི་ཧེ་པི་ཊའི་ཊིས་ཁ་པ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

ཤུལ་མའི་ཟླ་མཇུག་ཁམས་ལས་ སྟག་ཁམས་སྦིས་གཡུས་ཚན་ནང་ གློག་མེ་ལྷོད་ཚུགས་ནི།

༢༣/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་ སྟག་ཁམས་སྦིས་སྤྱི་འོག་གི་ ཁྱིམ་གུང་པ་༥༦ ལྷགཔ་ཅིག་གི་ མི་སེར་ཚུ་གིས་ ད་ལྟོ་ཚུན་ གྲོང་གསེབ་གློག་མེའི་ ཞབས་ཏོག་འཐོབ་ནིའི་དོན་ལུ་ སྒུག་སྟེ་ཡོད་མི་དེ་ འཕྲལ་མགྱོགས་ར་ འཐོབ་ཚུགས་ནི་ཨིན་པས།
གློག་མེ་མ་ལྷོད་པའི་སྐབས་ཀྱི་གནས་སྟངས།

མི་སྡེའི་དཔེ་མཛོད་ཁང་གི་ ཁེ་ཕན་སྦོམ་བྱུང་ཡོདཔ།

༢༣/༧/༢༠༡༣   ༉ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་གི་དོན་ལུ་ མི་སྡེའི་དཔེ་མཛོད་ཁང་ཅིག་ གཞི་བཙུགས་འབད་ཡོད་མི་དེ་ ས་གནས་ཀྱི་མི་སེར་ཚུ་ལུ་ ཤེས་ཡོན་སྤེལ་ཁང་དང་ སྐྱིད་སྐྱོང་ས་གནས་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
གཞི་རྟེན་ཤེས་ཡོན་ལྷབ་མི་ ཨམ་སུ་ཚུ་ དཔེ་མཛོད་ཁང་ནང་ དཔེ་དེབ་ཚུ་ ལྷག་སྡོད་པའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༧/༢༠༡༣   སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ལས་ ཤེས་རྟོགས་བྱུང་དགོཔ་ ལེ་ཤ་ཡོདཔ།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་འདི་ ཚུལ་ལྡན་མ་འགྱོ་བའི་སྐོར་ སྤྱིར་བཏང་མི་མང་གིས་ མོས་མཐུན་བྱུངམ་ཨིན་མས།
དུས་ཅིའི་ བཙག་འཐུ་འདི་ འབྲུག་མི་མང་ཤོས་ཅིག་གིས་ ནམ་ཡང་བརྗེད་མི་ཚུགས་ནི་དང་ ཤེས་ཡོན་ཅན་ལ་ལུ་ཅིག་གི་དོན་ལུ་ མ་འོངས་པར་ བྱུང་རྐྱེན་གྱི་སྐོར་ རྩོམ་འབྲི་འབད་ནི་གི་ གོ་སྐབས་ཅིག་ཡང་ཨིན་མས།


གེ་ཟ་མེ་གཏང་ནིའི་དོན་ལུ་ ལྕགས་ཐབ་གསརཔ་བཟོ་མི་དེ་གིས་ འོང་འབབ་ལུ་ ལྷན་ཐབས་འབྱུང་ནི།

༢༣/༧/༢༠༡༣   ༉ ད་ལས་ཕར་ སྤུ་ན་ཁ་ འཕྲིན་ལས་སྒང་དང་ ཐིམ་ཕུ་བར་ནིའི་ གཞུང་ལམ་ཁར་ གེ་ཟ་མེ་བཏང་སྟེ་བཙོང་མི་ཚུ་གིས་ ལགཔ་འཚིག་ནི་དང་ དུ་པ་མིག་ཏོ་ཁར་འཛུལ་ནིའི་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གེ་ཟ་མེ་གཏང་ནིའི་ ལྕགས་ཐབ་ཅིག་ བཟོ་ནི་དེ་གིས་ཨིན་པས།

མི་དབང་མཆོག་གི་སྐུ་མདུན་ལུ་ བཅར་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ།

༢༢/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་༢༠ འབད་མི་སྡེ་ཚན་ཅིག་གིས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་དང་བསྟུན་ ཚོགས་པའི་འདེམས་ངོ་༡༥ གིས་ ལྡོག་ཕྱོགས་ཀྱི་ འགན་འཁྲི་འབག་སྟེ་ སྤྱི་ཚོགས་ནང་ ཕྱག་ཞུ་ནི་སྦེ་ ཐག་བཅད་ནུག།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་མི་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ།

བློན་པོའི་མི་ངོམ་ཚུ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ གསལ་སྟོན་འབད་ནི།

༢༢/༧/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གི་གྲས་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གོ་གནས་ཚུ་ ག་གིས་འཆང་ནི་ཨིན་ནའི་སྐོར་ལས་ ཉིན་གྲངས་༢ དང་༣ གྱི་རྒྱབ་ལས་ ཤེས་ཚུགས་ནི་ཨིན་པས།

ཀིངསི་ཀ་ལབ་རྩེད་འགྲན་ནང་ ལྟདམོ་ལྟ་མི་ སྟོང་ཕྲག་བཅད་དེ་ སྤུངས་འཛོམས་འབད་ཡོདཔ།

༢༢/༧/༢༠༡༣   ༉ ཀིངསི་ཀ་ལབ་ཀྱི་རྩེད་འགྲན་འགོ་འབྱེད་འབདཝ་དང་འབྲེལ་ འབྲུག་པའི་རྩེད་འགྲན་སྡེ་ཚན་ ཡིད་འཛིན་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ ལྟདམོ་ལྟ་མི་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་ སེམས་དགའ་ཡོདཔ་ཨིན་པས།
ནེ་པཱལ་ལས་ ཐེ་རི་ཨེསི་ཊར་ཨེཕ་སི་དང་ ཡུ་ནའི་ཊེཌ་སི་ཀིམ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

སྤྱི་ཟླ་༡༠ པ་ལས་ སྒེར་གྱི་གནམ་གྲུའི་འཕུར་འགྲུལ་ འགོ་བཙུགས་ནི།

༢༢/༧/༢༠༡༣   ༉ སྒེར་སྡེའི་མཁའ་འགྲུལ་ལས་རིམ་དང་འཁྲིལཝ་ད་ བཀྲིས་གནམ་གྲུ་གིས་ རྒྱལ་སྤྱིའི་ས་ཁོངས་ནང་ འཕུར་འགྲུལ་གྱི་འགོ་འབྱེད་དེ་ སྤྱི་ཟླ་༡༠ པའི་ནང་འབད་ནི་ཨིནམ་ད་ ལས་སྡེའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌེ་བིཌ་ཡོང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ལི་ཐུ་ནཱེན་ལས་སྡེ་ནང་ལས་ གླ་ཁར་ལེན་ནི་སྦེ་ གན་ཡིག་གུ་ མཚན་རྟགས་བཀོད་ནི་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ནང་ འཕུར་འགྲུལ་མཚམས་འཇོག་འབད་བའི་ཤུལ་ལས་ སྤ་རོ་གནམ་ཐང་ནང་ ལག་ལེན་མེད་པར་ལུས་མི་ བཀྲིས་མཁའ་འགྲུལ་གྱི་ མདུན་ཅོག།

མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་བསྐྱར་འཛུགས་ཀྱི་ གཞུང་འབྲེལ་སྙན་ཞུ་མེདཔ།

༢༢/༧/༢༠༡༣   ༉ རྒྱ་གར་གྱི་ བརྡ་བརྒྱུད་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡ ལས་ ཕྱིར་བཏོན་འབད་མི་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་དེ་ ཤུལ་མའི་ཟླཝ་ནང་ བསྐྱར་འཛུགས་འབད་ནི་ཨིན་པའི་སྐོར་ གནས་ཚུལ་ཁྱབ་སྤེལ་འབད་ཡོད་རུང་ འབྲུག་གི་ཚོང་འབྲེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ གཞུང་འབྲེལ་སྙན་ཞུ་ག་ཅི་ཡང་ མ་ཐོབ་ཟེར་ཨིན་པས།

སིབ་སུའི་མི་སེར་ཚུ་ གླངམོ་ཆེ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ཚ་གྱང་།

༢༢/༧/༢༠༡༣   ༉ བསམ་རྩེ་སིབ་སུ་རྒེད་འོག་ བདེ་བ་ཅན་གཡུས་ཚན་ནང་ ལྕང་ལཱ་རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ སོ་ནམ་ཞིང་པ་ཚུ་ལུ་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ལུ་མིན་པར་ འབྱ་བརྔ་མ་རན་པའི་ཧེ་མར་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་འོང་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་ རྐྱབ་པའི་བསྒང་།

འཁོར་ལམ་རྒྱུན་སྐྱོང་འཐབ་རུང་ ལེགས་འགྱུར་མེདཔ།

༢༢/༧/༢༠༡༣   ༉ དུས་ཅི་ སྤྱི་ཟླ་༣ པའི་ནང་ བུམ་ཐང་དབང་དུས་ཆོས་གླིང་དང་ བདེ་གླིང་གི་ས་ཁོངས་ཀྱི་ འཁོར་ལམ་ཚུ་ རྒྱུན་སྐྱོང་འཐབ་ཡོདཔ་ཨིན་རུང་ ལོག་སྟེ་ར་ ལམ་གྱི་སྦུག་ལུ་ དོང་ཐོན་མི་དེ་གིས་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་མི་འགྲུལ་པ་ཚུ་ལུ་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།
འཁོར་ལམ་བདའ་སྟེ་ དོང་ཐོན་མི་ཚུ་ནང་ ས་དང་བྱེམ་བཀང་ཡོདཔ་ཨིན་པས།

ད་རིས་ལས་ བཤད་གྲྭ་ཚུ་ནང་ ལོ་བསྟར་གྱི་དབྱར་གནས་ འགོ་བཙུགས་ནི།

༢༢/༧/༢༠༡༣   ༉ ད་རིས་ རང་ཟླ་༦ པའི་ཚེས་༡༥ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༤༥ འི་རིང་ མོང་སྒར་ སྐྱིད་བདེ་མཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་བཤད་གྲྭ་དང་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭ་ནང་ དབྱར་གནས་འཚོགས་ནི་ཨིན་པས།
བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭ་ནང་ དབྱར་གནས་ཚོགས་པའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༢/༧/༢༠༡༣   གོམ་པ་མདུན་ཕྱོགས་ལུ་སྤོ་དགོཔ།
༉ སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུ་འདི་ རང་མོས་དང་ རྣམ་དག་མ་འགྱོ་བའི་སྐོར་ འཐོར་གཏམ་དང་ ཁ་ཉེས་ཚུ་ དར་ཁྱབ་ཆེ་དྲགས་ཡོད་པའི་ཁར་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ འབྲུག་ཕུན་སུམ་ཚོགས་པའི་ གྲོས་འཛོམས་ནང་ འགོ་འཛིན་པ་ཚུ་གིས་ དབང་ཚད་ལོག་སྤྱོད་ཐོག་ ཚོགས་རྒྱུན་སྐྱུར་མི་ཚུ་ལུ་ འཇིགས་བསྐུལ་དང་ དབང་བཙོང་ ནང་གསུག་སྤྲོད་མི་ལ་སོགས་པའི་ ཉོགས་བཤད་འདྲ་མིན་བཀོད་མི་ལས་ གསལ་སྟོན་འབདཝ་ཨིན་མས།

སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་འབུམ་༡༡ ལྷགཔ་ཅིག་ཐོབ་ཡོདཔ།

༢༢/༧/༢༠༡༣   ༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་གི་ མི་ལ་ལུ་ཅིག་གིས་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༡༡༠,༡༠༠ ཐོབ་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ རྒེད་འོག་དེ་གི་དོན་ལུ་ ཉིན་གྲངས་༢ ཀྱི་རིང་ གོང་ཚད་འགྲན་བསྡུར་འབད་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
ཨིན་རུང་ གོང་ཚད་དེ་གི་ཐོག་ལུ་ འབུབ་བཙོང་མི་༣ དེ་ཅིག་ལས་བརྒལ་མེད་མི་དེ་ཡང་ མང་ཤོས་ཅིག་གི་ འབུབ་ཀྱི་སྤུས་ཚད་དེ་ ལེགས་ཤོམ་མེདཔ་ལས་བརྟེནཔ་ཨིནམ་ད་ ཁོང་༣ གྱིས་ཡང་ འབུབ་ཀེ་ཇི་ལས་བཅད་དེ་ ཐོབ་མ་ཚུགས་པས། 

སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འབད་བའི་བསྒང་།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ བློན་ཆེན་གྱི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༢༠/༧/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གྱི་ འདེམས་ངོ་སྦེ་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

སྲནམ་ཅུམ་གྱིས་ མི་༣ ནདཔ་ཐོན་ཡོདཔ།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ཀྱི་ཕྱི་རུ་ ཐིམ་ཕུ་ལུ་སྡོད་མི་ བཟའ་ཚང་ནང་མི་༣ གྱིས་ ཨ་རྟག་དང་མ་འདྲ་བའི་སྲནམ་ཅུམ་ རིང་ཚད་སེན་ཊི་མི་ཊར་༣༠ འབད་མི་ཅིག་ བཟའ་བའི་ཤུལ་ལུ་ ཁ་ལས་སྐྱུགས་པའི་ཁར་ ཨ་བ་བཤལ་ དེ་ལས་ མགུ་ཡུ་འཁོར་ཏེ་ ནདཔ་ཐོན་ཡོདཔ་ཨིན་པས།
སྲནམ་ཅུངམ་དེ་ ཕྱི་ཁ་ལས་ལྟཝ་ད་ ཨ་རྟག་བཟའ་མི་ སྲནམ་ཅུམ་ཚུ་དང་ ཅོག་འཐདཔ་སྦེ་ མཐོངམ་ཨིན་རུང་ སྦོམ་ཚད་ཀྱི་ཐད་ཁར་ མ་འདྲཝ་སྦེ་ཡོདཔ་ཨིན་པས།


བཙག་འཐུ་རྣམ་དག་མ་འགྱོ་བའི་ དོན་ཚན་༡༥ མངའ་ཞབས་མཆོག་ལུ་ཕུལ་ནི།

༢༠/༧/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་དང་ བཀོད་ཚོགས་འཐུས་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རིང་ གྲོས་བསྡུར་འབད་བའི་ཤུལ་ལུ་ བཙག་འཐུའི་སྐབས་ ཚུལ་མིན་དང་ ངན་ལྷད་བྱུང་ཡོད་པའི་ དོན་ཚན་༡༥ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ།

བཙོན་ཁྲིམས་གོ་ཡངས་ཐོབ་མི་ ཨམ་སྲུ་ཚུ་ལུ་ སོ་ནམ་འཛུགས་སྐྱོང་གི་ སྦྱོང་བརྡར་བྱིན་ཡོདཔ།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ ཁྲིམས་སྲུང་འགག་སྡེ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་མཉམ་འབྲེལ་ཐོག་ལས་ བཙོན་ཁྲིམས་གོ་ཡངས་ཐོབ་མི་ ཨམ་སྲུ་ཚུ་ལུ་ ཁྲིམས་སྲུང་འགག་སྡེའི་ ཁྲམ་ནང་ཡོད་མི་ ས་ཆ་ཨེ་ཀར་༦ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ ལས་འགུལ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སློབ་རིམ་༥ པ་༦ པ་༨ པའི་ སློབ་ཕྲུག་བསྡོམས་༡༤༡ གིས་ རྫོང་ཁའི་ཆོས་རྒྱུགས་ལོག་རྐྱབ་ནི།

༢༠/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ ཀུ་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༥ པ་༦ པ་༨ པའི་ སློབ་ཕྲུག་བསྡོམས་༡༤༡ དེ་ཅིག་གིས་ ལོ་ཕྱེད་ཆོས་རྒྱུགས་ཀྱི་དོན་ལུ་ རྫོང་ཁའི་ཆོས་རྒྱུགས་ ལོག་རྐྱབ་དགོ་ནི་ཨིན་པས།
དེ་ཡང་ ཁ་ཙ་ སློབ་གྲྭ་དེ་ནང་གི་ རྫོང་སློབ་ཅིག་གིས་ ཨ་ལུ་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ རྫོང་ཁའི་ཆོས་ཚན་གྱི་ དྲི་ལན་ཤོག་གུ་ཚུ་ བྱང་སྟོར་ཤོར་ཡོདཔ་ལས་ ཕམ་ཚུ་དང་ སློབ་གྲྭའི་བདག་སྐྱོང་གི་བར་ན་ ལོ་ཕྱེད་ཀྱི་ཆོས་རྒྱུགས་དེ་ ལོག་རྐྱབ་བཅུག་ནི་སྦེ་ གྲོས་ཐག་བཅད་མི་ལུ་བརྟེན་ཨིན་པས།

སློབ་ཕྲུག་གི་ཕམ་ཚུ་གིས་ ལགཔ་སེང་ཐོག་ལས་ རྫོང་ཁའི་ཆོས་རྒྱུགས་ ལོག་རྐྱབ་དགོ་པའི་ཞུ་བ་འབད་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༠/༧/༢༠༡༣
ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་༣༢ དང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་༡༥ ལུ་ ལག་ཁྱེར་སྤྲོད་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་གྲུབ་ཡོད་པའི་གནས་ཚུལ།

རིན་ཆེན་སྒང་ལུ་ འབྱ་རྔ་དོ་ཡོདཔ།

༢༠/༧/༢༠༡༣   ༉ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ལྕང་ལཱ་དེ་ འཕྲལ་ཁམས་ཅིག་ཁར་རྐྱངམ་གཅིག་ མཇུག་བསྡུ་ཡོདཔ་ཨིན་རུང་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་གི་གཡུས་ཚན་ནང་འབད་བ་ཅིན་ ཁ་ཙ་ འབྱ་རྔ་ནིའི་ ལཱ་འགོ་བཙུགས་ཡོདཔ་ད་ འབྱ་དེ་ཡང་ ལོ་༡ ནང་ ལེན་ཐེངས་༢ འཚོ་བཏུབ་པའི་རིགས་ཅིག་ཨིན་པས།
དབང་འདུས་ཕོ་བྲང་ རིན་ཆེན་སྒང་ལུ་ འཕྲུལ་ཆས་ཀྱི་ཐོག་ལས་ ཤོ་ཐེངས་དང་པའི་ འབྱ་རྔ་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༠/༧/༢༠༡༣
ཁ་ཙ་ འབྲུག་ལས་ རྒྱལ་ཡོངས་ཊེ་བཱལ་ཊེ་ནིསི་རྩེད་འགྲན་པ་༦ འབད་མི་ སྡེ་ཚན་ཅིག་ རྒྱ་གར་ལྡི་ལི་ལུ་ ལྷོ་ཨེ་ཤི་ཡའི་ འབྲིང་རིམ་གནས་ཚད་ཀྱི་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སོང་ཡོདཔ་ཨིན་པའི་གནས་ཚུལ།

གློག་མེའི་སྤྱོད་འཐུས་ཡར་སེང་གི་གྲོས་གཞི་ལུ་ བསྐྱར་ཞིབ་འབད་ནི།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ གློག་མེའི་སྤྱོད་འཐུས་ཡར་སེང་འབད་བའི་སྐོར་ལས་ མི་མང་ ཚོང་མགྲོན་པ་མང་ཤོས་ཅིག་གིས་ དྲིས་བཀོད་འབད་བའི་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འབྲུག་གློག་མེ་ལས་འཛིན་གྱིས་ གྲོས་གཞི་བཙུགས་མི་ལྟར་དུ་ ཆ་འཇོག་གྲུབ་སོ་པ་ཅིན་ རྒྱལ་ཁབ་ནང་གི་ བཟོ་གྲྭ་འཕྲུལ་ཁང་གི་ ཚོང་འབྲེལ་བ་ཕྱེད་ཀ་དེཅིག་ སྒོ་བསྡམ་དགོཔ་འབྱུང་ནི་ཨིན་མས་ཟེར་ ཞལ་འཛོམས་འཚོགས་སའི་ཕྱི་ཁར་ ཚོང་མགྲོན་པ་ཚུ་ ལོ་རྒྱུས་སླབ་སར་མཐོང་ཡོདཔ་ཨིན་པས།


ཆུ་གཟར་སྒང་ སོ་ནམ་མཉམ་ལས་ཚོགས་སྡེ་གིས་ ཆུམ་གྱི་ཐོན་སྐྱེད་ ཡར་སེང་འབད་ནི་ལུ་བརྩོན་ཤུགས།

༢༠/༧/༢༠༡༣   ༉  ད་རེས་ནངས་པ་ ལྕང་ལཱའི་དུས་ཚོད་ཨིནམ་བཞིན་དུ་ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་གི་མི་སེར་ཚུ་ ཨ་རིང་རྒྱ་སྦོམ་སྦེ་ཡོད་མི་ལུ་བརྟེན་ འཕྲུལ་གླང་གིས་ ཁྱབ་མ་ཚུགས་པའི་ དཀའ་ངལ་ཡོད་རུང་ སྐོར་རྒྱབ་བཟོ་སྟེ་ ཁོང་རའི་ལྕང་ལཱ་ཚུ་ བཙག་འཐུའི་ཉིནམ་གཅིག་ ངལ་གསོ་བཞག་པའི་ཤུལ་ལས་ འཕྲོ་མཐུད་དེ་ར་ འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་པས།
ལྕང་ལཱ་རྐྱབ་མི་ ཨམ་ཀུན་བཟང་།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༧/༢༠༡༣   འགན་འཁྲི་ཚུལ་ལྡན་མ་འབག་པའི་ བྱེམ་ཕོག་ཡོདཔ།
༉ ཐོག་མའི་ཁྲིམས་འདུན་དང་ མཐོ་གཏུགས་ཁྲིམས་འདུན་ཚུ་ནང་ ཡུན་རིངམོ་སྦེ་ རྩོད་བཤེར་འབད་བའི་ཤུལ་ལུ་ རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ཅན་གྱི་ རྩོད་དོན་དེ་ མཇུག་བསྡུ་ཡོདཔ་ཨིན།
རྩོད་དོན་མཇུག་བསྡུ་བའི་མཐའ་མར་ རྒུད་ཤོས་དང་ ཕམ་ཤོས་ར་ ལོ་ངོ་༨ དེ་ཅིག་གི་ཧེ་མར་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་སྦེ་ ཕྱག་ཞུ་མི་ ཞི་གཡོགཔ་ཚུ་ཨིན་མས།


ངན་ལྷན་བཀག་སྡམ་ལྷན་ཚོགས་ཀྱིས་ ཕྱོགས་གཅིག་སྦེ་ དགོངས་ཕོག་བཏོན་མི་ཆོག་ནི།

༢༠/༧/༢༠༡༣   ཞིབ་དཔྱད་འབད་བའི་སྐབས་ལུ་ སྤྱི་གཡོགཔ་ཚུ་ ཐད་ཀར་དུ་ དུས་ཡུན་ཟླ་ངོ་༡༢ དང་༣ ལས་བརྒལ་ དགོངས་ཕོག་བཏང་མི་ཆོག་ཟེར་ཨིན་པས།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ སྤྱི་གཡོགཔ་དང་ ཡང་ཅིན་ བཙག་འཐུ་གྲུབ་མི་ འགོ་དཔོན་ཚུ་ ཕྱོགས་གཅིག་དང་ རང་ཤུགས་ཀྱི་སྒོ་ལས་ དགོངས་ཕོག་གཏང་ནིའི་ནང་ འབྲེལ་འཛིན་འབད་ནི་མི་འོང་ཟེར་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྒྱལ་པོའི་ཞིང་ས་ཆའི་ རྩོད་དོན་གྱི་ བཀའ་རྒྱ་གནངམ་དང་འབྲེལ་ ལམ་སྟོན་བཀའ་རྒྱ་ཅིག་བཏོན་ཡི།

གནས་ཚུལ་མདོར་བསྡུས།

༡༩/༧/༢༠༡༣
བསམ་རྩེ་སིབ་སུ་ལུ་ རྒེད་འོག་ལྟེ་བ་ཅིག་ནང་ གཞི་བཙུགས་འབད་མི་ གློག་རིག་ཀམ་པུས་ཊར་གྱི་རྩེད་ཆས་ཚུ་ སློབ་ཕྲུག་ཨ་ལ་ཚུ་གིས་ ལག་ལེན་འཐབ་པའི་བསྒང་།

ཞི་གཡོགཔ་གོངམ་༡༡ ཐོབ་ལམ་མེད་པར་ དགོངས་ཞུ་འབད་དགོ་ནི།

༡༩/༧/༢༠༡༣   དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་བཤེར་ཡིག་ཕྱིར་འབུད་བཏང་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་ བསྟར་སྤྱོད་འབད་ནི་ཨིན་པས།
༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ མོང་སྒར་རྒྱལ་པོའི་ཞིང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༣ གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་མི་དང་བསྟུན་ ད་ལྟོ་ ཞི་གཡོག་ནང་ཡོད་མི་ འགོ་དཔོན་ཚུ་ དགོངས་ཞུའི་ཐོབ་ལམ་མེད་པར་ དགོངས་ཞུ་འབད་དགོཔ་ འཐོན་ནི་ཨིན་པས།

ཚོགས་པའི་གཙོ་འཛིན་གྱིས་ ལྡོག་ཕྱོགས་འགོ་ཁྲིད་ཀྱི་ འགན་འཁྲི་མི་འབག་ནི།

༡༩/༧/༢༠༡༣   ༉ མི་མང་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ བློན་ཆེན་བགྲེསཔ་འོང་ནི་ རེ་བ་བསྐྱེད་པའི་ཁར་ ལ་ལུ་ཅིག་གིས་ ཚོགས་པ་གིས་ ལྡོག་ཕྱོགས་ནང་མ་སྡོད་པར་ དགོངས་ཞུ་འབད་འོང་ག་ཟེར་བའི་ དོགས་པ་ཆགས་མི་ ལེ་ཤ་ཡོདཔ་ཨིན་རུང་ ཁ་ཙ་ ཚོགས་པའི་ བཀོད་ཚོགས་ཞལ་འཛོམས་ནང་ལས་ ཚོགས་པ་གིས་ ལྡོག་ཕྱོགས་ཀྱི་འགན་འཁྲི་ཐོག་ ཕྱག་ཞུ་ནི་དང་ འགོ་ཁྲིདཔ་དེ་ ཚོགས་པའི་གཙོ་འཛིན་མེན་པར་ འཐུས་མི་གཞན་ཅིག་ལུ་ གོ་སྐབས་བྱིན་ནི་སྦེ་ ཐག་བཅད་ནུག།

ནངས་པ་ ཀིངསི་ཀ་ལབ་རྩེད་འགྲན་འགོ་བཙུགས་ནི།

༡༩/༧/༢༠༡༣   ༉ ནངས་པ་ཕྱི་རུའི་ཆུ་ཚོད་༤ ལུ་ རྒྱལ་ས་ལྟེ་བ་ཐིམ་ཕུ་ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་རྩེད་ཐང་ནང་སྦེ་ སྔར་སྲོལ་བཟང་པོའི་ལམ་ལུགས་ཐོག་ལས་ འབྲུག་པའི་གློག་བརྙན་གྱི་ འཁྲབ་རྩེདཔ་དང་ སྐད་འཐེན་མི་ཚུ་གིས་ གླུ་གཞས་ཀྱི་སྤྲོ་སྟོན་ལས་རིམ་ཚུ་ མི་མང་ལུ་ སྤྱན་འབུལ་ཕུལ་ཐོག་ལས་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ འགོ་བཙུགས་ནི་ཨིན་པས།
རྩེད་འགྲན་པ་ཚུ་གིས་ སྦྱོང་བརྡར་འབད་བའི་བསྒང་།

ཆང་གི་གནད་དོན་དེ་ སྲིད་འབྲེལ་གྲོས་བསྡུར་ཚུ་ནང་མ་འཐོན་རུང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གཙོ་རིམ་ཅན་ཅིག་ཨིནམ།

༡༩/༧/༢༠༡༣   ༉ སྲིད་ཚོགས་༢ ཀྱིས་ ཁས་བླངས་གསལ་བསྒྲགས་ནང་བཀོད་ཡོད་རུང་ མི་སྡེའི་ནང་ གནད་དོན་ཁག་ཆེ་ཤོས་ཅིག་ ཆང་དང་འབྲེལ་བའི་དཀའ་ངལ་གྱི་དོ་འགྲན་དང་ དེ་ཚུ་སེལ་ཐབས་ཀྱི་ ཐབས་ལམ་ཚུ་ཨིན་རུང་ ད་ཚུན་ གནད་དོན་དེ་གི་ཐོག་ལུ་ སྲིད་འབྲེལ་གྱི་ གྲོས་བསྡུར་ཚུ་མ་འབྱུང་ཨིན་པས།

ཉི་དྲོད་གློག་ཤུགས་ཀྱི་ ར་བ་གིས་ སོ་ནམ་ཞིང་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ།

༡༩/༧/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་རྒེད་འོག་གི་ གཡུས་ཚན་ཚུ་ནང་ ཧེ་མ་འབད་བ་ཅིན་ ལོ་ཐོག་ཚུ་ ག་ཅི་ར་བཏབ་རུང་ ལེགས་ཤོམ་སྦེ་ བསྡུ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ ལོ་ངོ་༥ དེ་ཅིག་གི་ཧེ་མར་ ཉི་དྲོད་གློག་ཤུགས་ཀྱི་ ར་བ་རྐྱབ་ཞིནམ་ལས་ཚུར་ མི་སེར་ཚུ་ལུ་ དཀའ་ངལ་དེ་ སེལ་ཚུགས་ཡོདཔ་ཨིན་པས།
ཉི་དྲོད་གློག་ཤུགས་ཀྱི་ ར་བ།