གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༧/༢༠༡༣   ཁས་བླངས་འགྲུབ་དགོཔ་ ལེ་ཤ་ཡོདཔ།
༉ ཐིམ་ཕུ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་གཙོ་ཁང་ནང་ སྲིད་ཚོགས་ཀྱིས་ གཞུང་སྐྱོང་གི་ ཕྱག་ལཱ་འགོ་ཐོག་ཉིན་གྲངས་༡༠༠ གི་ ནང་འཁོད་ལུ་ ཁས་བླངས་མང་རབས་ཅིག་ འགྲུབ་དགོཔ་ཡོད་མིའི་སྐོར་ལས་ ལོ་རྒྱུས་དྲིཝ་ད་ ཚོགས་པའི་འགོ་དཔོན་ཚུ་གིས་ ལན་སྒྲིང་སྒྲིང་ཅིག་ སླབ་ནི་མིན་འདུག།
ཚོགས་པ་དེ་གིས་ ཁས་བླངས་ཀྱི་སྐོར་ལས་ ལོ་རྒྱུས་གངམ་སླབ་ནི་མེད་མི་དེ་ཡང་ དེབ་ཆུང་ཚུ་ནང་བཀོད་དེ་ སྤྱིར་བཏང་བཙག་འཐུ་མ་རན་པའི་ བདུན་ཕྲག་ལེ་ཤ་ཅིག་གི་ཧེ་མར་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བགོ་བཀྲམ་འབད་ཡོད་ནི་དེ་གིས་ཨིན་མས།



ད་རིས་འབདཝ་ད་ བཙག་འཐུ་དེ་ མཇུག་བསྡུ་ཡོདཔ་ལས་ གཞུང་སྐྱོང་གསརཔ་གཞི་བཙུགས་འབདཝ་དང་འབྲེལ་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ དེབ་ཆུང་ཚུ་ནང་ གསལ་བཀོད་འབད་ཡོད་མི་ ཁས་བླངས་གསལ་བསྒྲགས་ཚུ་ རེ་འདོད་དང་བཅསཔ་སྦེ་ལྷགཔ་ཨིན་མས།
ཞི་གཡོགཔ་མང་ཤོས་ཅིག་ ལཱ་འབད་སའི་ ས་གོ་གཙོ་ཅན་ཅིག་ཨིན་མི་ རྒྱལ་ས་ལྟེ་བ་ ཐིམ་ཕུ་ལུ་ བཙག་འཐུའི་གྲུབ་འབྲས་ཚུ་ ག་དེ་སྦེ་ར་ བྱུང་ཡོད་རུང་ གསལ་བསྒྲགས་འབད་བའི་ ཉིནམ་ལས་འགོ་བཟུང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་དང་ ཁང་གླའི་འཐུས་བརྒྱ་ཆ་༢༠ རེའི་ ཐོབ་ལམ་བཟོ་ནི་གི་ ཁས་བླངས་འབད་མི་ཚུ་ ནམ་ཐོབ་ཚུགས་ག་ཟེར་ ལོ་རྒྱུས་སླབ་མི་ཙང་ཙ་ཨིན་མས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ ས་གནས་གཞུང་གི་ དངུལ་ཕོགས་དང་ འཐུས་གཞན་ཚུ་ ཡར་སེང་རྐྱབ་ནི་གི་ ཁས་བླངས་ཡང་འབད་ཡོདཔ་ཨིན།
ཉིན་གྲངས་༡༠༠ གི་ནང་འཁོད་ལུ་ འགྲུབ་ཐབས་འབད་ནིའི་ ཁས་བླངས་གཞན་དེ་ ས་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཁྲིམས་ བསྒྱུར་བཅོས་འབད་དེ་ ལག་ལེན་འཐབ་གོ་བདེ་ཏོག་ཏོ་བཟོ་ནི་ཨིནམ་ད་ དེ་གིས་ དམིགས་བསལ་དུ་ ཐིམ་ཕུ་ལུ་ ཁང་གླར་སྡོད་མི་ མང་ཤོས་ཅིག་གིས་ ཟླ་རིམ་དངུལ་ཕོགས་ལས་ བརྒྱ་ཆ་༥༠ ལྷགཔ་རེ་ ཁང་གླ་སྤྲོད་དགོ་མི་ཚུ་གི་ དཀའ་ངལ་དུམ་གྲ་ཅིག་ བསལ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།
དེ་གིས་མ་དོ་བར་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཡར་སེང་རྐྱབ་ནི་དང་ བརྡ་དོན་ཐོབ་དབང་གི་དཔྱད་ཡིག་ གྲོས་བསྡུར་གྱི་དོན་ལུ་ སྤྱི་ཚོགས་ནང་ བཙུགས་ནི་ཨིནམ་ད་ བརྡ་དོན་ཐོབ་དབང་དཔྱད་ཡིག་གིས་ གནས་ཚུལ་སྤེལ་མི་བ་ལྷགཔ་སྦེ་ མི་མང་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
རྐང་འགྲུལ་པའི་ཉིནམ་ཡང་ མེདཔ་བཟོ་ནི་ཨིནམ་ལས་ ཤུལ་མའི་ལོ་༥ དང་༡༠ གྱི་བར་ན་ དབུ་ཁྲིད་སོར་ན་མ་གཏོགས་ དེ་མིན་རྐང་འགྲུལ་པའི་ཉིནམ་ མི་འོང་ནི་ཨིན་མས།
ད་རུང་ ཉིན་གྲངས་༡༠༠ གི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ ལྷ་ཁང་དགོན་སྡེའི་ ཉེ་འདབས་ལུ་ རྒན་ཤོས་ཚུ་གི་དོན་ལུ་ སྡོད་ཁྱིམ་རྐྱབ་བྱིན་ནི་དང་ འབྲུག་མི་སྐྱེས་ལོ་༧༠ ཡན་ཆད་འབད་མི་ཚུ་ལུ་ འཐུས་ཀྱི་ལམ་ལུགས་ཅིག་ བཟོ་ཐབས་ལུ་ གཞི་རྟེན་གྱི་ལཱ་ཚུ་ འགོ་བཙུགས་ནི་དང་ མི་སེར་དང་ཕྱད་ནི་གི་ ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་མི་གིས་ བློན་ཆེན་རྩིས་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ག་ར་གིས་ བདུན་ཕྲག་རེའི་ནང་ ཉུང་མཐའ་ཉིན་གྲངས་༡ རེ་ མཇལ་ཕྲད་ཀྱི་ དུས་སྟབས་བཟོ་མ་དགོ་པར་ མི་སེར་ཚུ་དང་ ཕྱད་ཚུགསཔ་འབད་ནི་གི་ ཁས་བླངས་ཡང་ འགྲུབ་ཐབས་འབད་ནི་ཨིན་མས།
དཔལ་དབྱོར་ཡར་སྐྱེད་འཆར་གཞིའི་ཐད་ལུ་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ འགོ་ཐོག་ཉིན་གྲངས་༩༠ འི་ནང་ དངུལ་ཀྲམ་དུང་ཕྱུར་༣ དངུལ་ཁང་ནང་བཞག་སྟེ་ ད་ལྟོ་བཀག་དམ་འབད་མི་ བསྐྱིན་འགྲུལ་སྤྲོད་ནིའི་ ལམ་ལུགས་ལོག་འགོ་བཙུགས་ནི་ཨིནམ་མ་ཚད་ རྒྱན་ཤོག་གི་ཚོང་ལཱ་ ལོག་འགོ་བཙུགས་ནིའི་སྐོར་ རྒྱ་གར་གཞུང་དང་གཅིག་ཁར་ གསུང་གྲོས་གནང་ཐོག་ལས་ རུ་པིའི་འོང་འབབ་བཟོ་ནི་ཨིན་མས།
ད་རུང་ འགོ་ཐོག་ཉིན་གྲངས་༣༠ འི་ནང་ རུ་པི་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ མ་འོངས་ཡུན་རིང་གི་ ཐབས་བྱུས་དང་ དང་ལེན་འཆར་གཞི་ཚུ་ བརྩམ་ནིའི་དོན་ལུ་ འབྲུག་དང་ཕྱིའི་རྒྱལ་ཁབ་ལས་ མིང་གཏམ་ཅན་གྱི་ དཔལ་འབྱོར་མཁནམ་དང་ ཁྱད་རིག་ཅན་ཚུ་ཡོད་མི་ དམིགས་བསལ་གྱི་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་གི་ ཁས་བླངས་འབད་ཡོདཔ་ཨིན།
འདི་འབདཝ་ལས་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ ཁས་བླངས་འགྲུབ་དགོཔ་ ལེ་ཤ་ཡོདཔ་བཞིན་དུ་ ཁས་བླངས་ཚུ་ འགྲུབ་ཚུགས་པ་ཅིན་ མི་མང་ལས་ཡང་ བློ་གཏད་ཡིད་ཆེས་ཐོབ་ཚུགས་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment