གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ འབྲུག་གི་སྡེ་ཚན་ལུ་ གཱོལ་༡༦ བཙུགས་ཡོདཔ།

༢༩/༦/༢༠༡༣   ཉིནམ་དང་པའི་ནང་ ཐའི་ལེནཌི་གིས་ འབྲུག་ལུ་ གཱོལ་༢༩-༡ བཙུགས་ཏེ་ ཕམ་བཏང་ནུག།
༉ ཀོ་རི་ཡའི་ས་གནས་ ཨིན་ཅི་འོན་ལུ་ ཨེ་ཤི་ཡཱན་ནང་རྩེད་དང་ འཐབ་རྩལ་འགྲན་བསྡུར་ཐེངས་༤ པ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་དེ་ནང་ ཁ་ཙ་ འབྲུག་གི་ཕུཊ་སཱལ་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་དེ་ མ་ལེ་ཤི་ཡ་སྡེ་ཚན་གྱིས་ གཱོལ་༡༦ བཙུགས་ཐོག་ལས་ ཕམ་བཏང་ཡོདཔ་ད་ འབྲུག་གི་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས་པས།
ཁ་ཙ་ འབྲུག་(ཁེན་འཇར་དཀརཔོ)དང་ མ་ལེ་ཤི་ཡ་སྡེ་ཚན་གྱི་བར་ན་ རྩེན་འགྲན་འབད་བའི་བསྒང་།

མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་སྐོར་ ཁ་བཏང་མི་ལུ་ བདེན་པ་མེདཔ།

༢༩/༦/༢༠༡༣    ༉ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཙ་ རྩི་རང་རྫོང་ཁག་གི་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་གི་ ཚོགས་པའི་བླངས་ཚུ་གི་སྐོར་ལས་ ཁ་བཏང་དོ་ཡོད་མི་ཚུ་ མི་བདེན་ཟེར་ དོགས་སེལ་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འགྲམ་ཕུག་ཁྲོམ་གྱི་ ཚོང་ཁང་རེ་རེའི་ནང་ ལྟ་སྐོར་འབད་དེ་ ཚོགས་པའི་ངོ་པར་ཚུ་ བགོ་བཀྲམ་འབད་བའི་བསྒང་།

སྲིད་འབྲེལ་གནད་དོན་ཚུ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ནང་ སྤང་དགོཔ།

༢༩/༦/༢༠༡༣   ༉ སྲིད་དོན་ནང་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་གནད་དོན་ཚུ་ སྦུག་ལུ་མ་བཙུགས་པར་ ཐ་དད་བཞག་དགོཔ་སྦེ་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་ལུ་ ཞུ་ཡིག་ཅིག་ བཏང་ཡོདཔ་ཨིན་པས། 

སྡེ་ཚན་དབང་བཙོང་འབད་མི་ཚུ་ དོ་དམ་འོག་ལས་བཏང་ཡོདཔ།

༢༩/༦/༢༠༡༣   ༉ ཧཱ་རྫོང་ཁག་ནང་ སྐྱེས་ལོ་༣༧ ལང་མི་ ཨམ་སྲུ་ཅིག་ལུ་ ཕོ་སྐྱེས་༣ མཉམ་བསྡོམས་ཐོག་ལས་ ལུས་འབྲེལ་འབད་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཁྲིམས་འདུན་གྱིས་ སྙན་གསན་འགོ་དང་པ་ འབད་བའི་ཤུལ་ལས་ གནས་སྐབས་ཅིག་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ རྒྱབ་མི་བཙུགས་ཏེ་ བཏང་ཡོདཔ་ཨིན་པས།

ཡར་སྐྱེད་སྡེ་ཚན་གྱིས་ དམ་ཆེན་དང་གཅིག་ཁར་ མཐའ་བཅད་རྩེད་འགྲན་འབད་ནི།

༢༩/༦/༢༠༡༣   ༉ ཡར་སྐྱེད་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཚུགས་པའི་རེ་བ་མེད་པར་ གི་རིན་ཊིམ་དང་གཅིག་ཁར་ དོ་འགྲན་ལེགས་ཤོམ་འབད་ནིའི་རེ་བ་བསྐྱེད་མི་གིས་ ཁྱད་འཕགས་ཅན་གྱི་གྲུབ་འབྲས་བྱུང་ཡོདཔ་ཨིན་པས།
ལྟདམོ་ལྟ་མི་ཚུ་གིས་ སྤྲོ་བ་དང་བཅས་པའི་སྒོ་ལས་ མདའ་འགྱོ་སར་ ལྟ་དོ་ཡོདཔ།

གནས་ཚུལ་མདོར་བསྡུས།

༢༩/༦/༢༠༡༣  
ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་སྦེ་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཏ་ཀི་ཤི་ ཡ་གི་དང་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ བི་ རྣམ་རྒྱལ་གྱིས་ གྲོགས་རམ་གྱི་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་ཡང་ གསར་སྤང་ ཏག་ལའེ་ཆུ་གཡུར་ཉམས་བཅོས་འབད་ནིའི་དོན་ལུ་ ཇ་པཱན་གཞུང་གིས་ གྲོགས་རམ་མ་དངུལ་ཐེབས་ ཡེན་དུང་ཕྱུར་༡ དང་ ས་ཡ་༥༡ བྱིན་ནི་གི་ གྲོས་འཆམ་བྱུང་མི་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།


བསམ་རྩེ་ལུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ གོ་སྐབས་མངམ།

༢༩/༦/༢༠༡༣   ༉ བསམ་རྩེ་རྫོང་ཁག་གི་ འདེམས་ཁོངས་༤ ནང་ མི་སེར་ཚུ་ བློ་སླབ་མི་ལུ་ ལྟ་བ་ཅིན་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཚོགས་རྒྱན་གྱི་ཉིན་མར་ འབྲུག་ཕུན་སུམ་ཚོགས་པ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ མངམ་རྒྱབ་སྐྱོར་འབད་ནི་གི་ བརྡ་མཚོན་སྟོནམ་ཨིན་པས།

ཉེས་ཁྲིམས་ལོ་༥ དང་ དངུལ་ཀྲམ་༡༣༠,༠༠༠ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ།

༢༩/༦/༢༠༡༣   ༉ ཐིམ་ཕུ་ཁྲིམས་ཁྲི་༥ པ་ལས་ སྤྱི་ལོ་༢༠༡༣ ཟླ་༦ པའི་ཚེས་༢༦ ལུ་ འབྲུག་ཉེན་བཅོལ་ལས་འཛིན་ཡིག་ཚང་ནང་ ལྟ་རྟོག་པ་སྦེ་ ལཱ་འབད་མི་ ཟླ་བ་དཔལ་འབྱོར་གྱིས་ ཡིག་ཆ་རྫུས་མ་བཟོ་བའི་ ཉེས་ཁྲིམས་ལོ་༥ བཀལ་བའི་ཁར་ དངུལ་ཀྲམ་༡༣༠༠༠༠ སོར་ཆུད་འབད་དགོཔ་ཨིན་པས།

སྲས་ཕུག་རྒེད་འོག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོདཔ།

༢༩/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་སྐབས་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་གི་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ ཉི་ཤོ་དང་སྲས་ཕུག་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་ལུ་འབད་ནི་ བཟུམ་ཅིག་ཡོད་མི་དེ་ ཁ་ཙ་ སྲས་ཕུག་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་ནང་འོང་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་དོན་ལུ་ འཐུས་མི་བགྲེསཔ་ར་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་གིས་ སྲས་ཕུག་རྒེད་འོག་ནང་ བསྐུལ་བསྒྲགས་འབད་བའི་བསྒང་།

སོ་ནམ་པ་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཚུགས་པའི་ཚ་གྱང།

༢༩/༦/༢༠༡༣   ༉ ད་རེས་ནངས་པ་ མོང་སྒར་རྫོང་ཁག་གི་ རྒེད་འོག་༡༧ གྱི་ མི་སེར་ཚུ་དང་གཅིག་ཁར་ སྲིད་དོན་ཚོགས་པ་༢ ཀྱི་འདེམས་ངོ་ཚུ་གིས་ ཁོང་རའི་བསྐུལ་བསྒྲགས་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ མི་སེར་མང་ཤོས་ཅིག་གིས་ བསམ་འཆར་བཀོད་མི་དང་འཁྲིལ་བ་ཅིན་ སོ་ནམ་པ་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་མས་ཟེར་ཨིན་པས།

ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་ཞིང་རྐོ་བའི་བསྒང་།

དེ་ཡང་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ སྐུལ་བསྒྲགས་ལས་རིམ་དང་ སོ་ནམ་ཞིང་ལཱ་ཚུ་ ཁ་ཐུག་རྐྱབ་ཡོདཔ་ལས་བརྟེན་ ཚོགས་རྒྱན་གྱི་ཉིནམ་ལུ་ ག་དེ་སྦེ་ བཅའ་མར་གཏོགས་ཚུགས་ག་ཟེར་བའི་ དོགས་པ་ཆགསཔ་མས་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ སོ་ནམ་པ་ལ་ལུ་ཅིག་ ཞིང་ནང་ལཱ་འབད་ནི་དང་ ལྕང་ལཱ་རྐྱབ་ནི་ དེ་ལས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་དགོ་མི་ལུ་བརྟེན་ཨིན་རུང་ སོ་ནམ་ཞིང་ལཱ་བཀོ་བཞག་སྟེ་ ཚོགས་རྒྱན་བཙུགས་པར་ འགྱོ་མི་ཚུགསཔ་འོང་ཟེར་ཨིན་པས།
མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ སོ་ནམ་ཞིང་ལཱ་དེ་ སྤྱི་ཟླ་༣ པ་དེ་ཅིག་ལས་ འགོ་བཙུགས་དོ་ཡོདཔ་ལས་ ཟླཝ་དེ་ལས་ཚུར་ མི་སེར་སོ་ནམ་པ་ཚུ་ ལཱ་གི་འུར་བྱེལ་ཐོག་ལུ་ སྡོད་དགོ་དོ་ཡོདཔ་ད་ དེ་ཡང་ གེ་ཟ་བཏབ་ནི་དང་ གཡུར་མ་རྐྱབ་ནི་ ལྕང་ལཱ་རྐྱབ་ནི་ དེ་ལས་ ཐོག་བསྲུང་དགོ་མི་ལུ་བརྟེན་ མི་སེར་ཚུ་གིས་ བསམ་འཆར་ལས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་དེ་ ད་རེས་བཟུམ་མེན་པར་ གནམ་དགུན་ལུ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པས།
ཆ་གླིང་རྒེད་འོག་ལས་ སོ་ནམ་པ་ བྱང་ཆུབ་ཀྱིས་ ད་རེས་ནངས་པ་ ཀུ་རི་ཟམ་པའི་སྦོ་ལོགས་ཁར་ཡོད་མི་ ཆུ་ཞིང་ཚུ་ ལས་མི་༩ དེ་ཅིག་འཚོལ་ཏེ་ ས་རྐོ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མི་ཚུ་ལཱ་གི་འུར་བྱེལ་ལུ་བརྟེན་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཉན་ནིའི་ དུས་ཚོད་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ གནམ་དགུན་ལུ་འགོ་འདྲེན་འཐབ་པ་ཅིན་ དགུན་གྱི་ངལ་གསོའི་སྐབས་ལུ་ ཨ་ལུ་ཚུ་ངལ་གསོ་ཡོདཔ་ལས་ མི་སེར་ཚུ་ཡང་ ལཱ་གི་འུར་བྱེལ་ལང་དགོཔ་མེདཔ་ལས་ སྲིད་ཚོགས་དང་ འདེམས་ངོ་༢ ཆ་ར་ ལྕོགས་གྲུབ་ཅན་གདམ་འཐུ་འབད་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ དཀོན་མཆོག་གིས་ སླབ་མིའི་ནང་ སོ་ནམ་གྱི་ལཱ་ལུ་བརྟེན་ ཁྱིམ་༡ ནང་ མི་༥ དང་༦ ཡོད་རུང་ ཚོགས་རྒྱན་བཙུགས་མི་༢ དང་༣ ལས་བརྒལ་འགྱོ་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ སོ་ནམ་གྱི་ལཱ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ བཙག་འཐུ་དེ་གིས་ སོ་ནམ་པ་ཚུ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།
ཝེང་མཁར་ལས་ སོ་ནམ་པ་བཀྲིས་ཀྱིས་ སླབ་མིའི་ནང་ སོ་ནམ་ལཱ་དེ་ ཉིནམ་༡ ཆད་སོ་པ་ཅིན་ ལོ་༡ ལྟོ་མི་འཐོབ་ཟེར་ སླབ་སྲོལ་ཡོད་ཟེར་ཨིནམ་ད་ སོ་ནམ་ཞིང་ལཱ་དེ་ཡང་ སྤྱི་ཟླ་༡༡ པ་དེ་ཅིག་ལུ་མ་གཏོགས་ མཇུག་བསྡུ་ནི་མེདཔ་ལས་ ཚོགས་རྒྱན་ནང་བཅའ་མར་གཏོགས་ནི་ལས་ ཨེ་མའི་ལྕངམ་༡ ཨིན་རུང་ ས་ཁར་བཙུག་ནི་དེ་དྲག་མི་དེ་ཡང་ ཁོང་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ཡོདཔ་ཅིག་ མ་མཐོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་ཞིང་རྐོ་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ གལ་སྲིད་མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་བཙག་འཐུ་འབད་བ་ཅིན་ འཕྲུལ་གླང་པཱ་ཝར་ཊི་ལར་བྱིན་ནི་ཟེར་ཨིནམ་ལས་ སང་ཕོད་ལས་ མི་གིས་སྤུང་ཐོག་ལས་ ད་རེས་བཟུམ་ཅིག་ ཆུ་ཞིང་བརྐོ་ནི་ལུ་ དཀའཝ་སྤྱད་མི་དགོ་ནི་མས་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ པཱ་ཝར་ཊི་ལར་དེ་ ཕན་ཐོགས་ག་དེ་སྦེ་ཡོད་རུང་ མི་སེར་ཚུ་ མཐུན་མི་ཚུགས་ནི་ཨིནམ་ལས་ མི་སྡེ་ནང་ སྟབས་མ་བདེཝ་སྦོམ་འཐོན་ནི་ཨིནམ་ལས་ མི་དགོ་ཟེར་ཨིན་པས།
ཨིན་རུང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུག་ནིའི་ཉིན་གྲངས་དེ་ བདུན་ཕྲག་༢ དེ་ཅིག་ལས་མེདཔ་ལས་ མོང་སྒར་ལུ་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ མི་སེར་ཆེ་འབྲིང་ཆུང་༣ མེད་པར་ ག་ར་གིས་ སྤྱི་ཚོགས་༢ པའི་དོན་ལུ་ སྲིད་ཚོགས་དང་ འདེམས་ངོ་ག་དྲག་ནི་ཨིན་ནའི་ ལོ་རྒྱུས་ཚུ་ སླབ་སར་གོཝ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༦/༢༠༡༣   འོས་ལྡན་གྱི་གྲོས་བསྡུར།
༉ རྒྱལ་ས་ལྟེ་བ་ལུ་ ཁ་ཙ་མཇུག་བསྡུ་མི་ དགེ་རབ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ནང་  བླ་སློབ་གོངམ་ལ་ལུ་ཅིག་གིས་ ད་རིས་ནངས་པ་ འུར་བྱེལ་སྦོམ་ལང་པའི་བསྒང་ཡོད་མི་ སྲིད་དོན་བསྐུལ་བསྒྲགས་ཚུ་ལུ་ བསམ་ཞིབ་ཞིབ་པར་འབག་བའི་ མངོན་གསལ་བྱུང་ཡི།

རྒྱལ་ཁབ་ནང་ ཨ་ལུ་ཆུང་ཀུའི་གྱངས་ཁ་ ཉུང་སུ་འགྱོ་དོ་ཡོད་པའི་ཚ་གྱང་།

༢༩/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བུམ་ཐང་ཆུ་སྨད་རྒེད་འོག་ལྟེ་བའི་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ གཙོ་འཛིན་གྱིས་ གདོང་ཁའི་གྱལ་ནང་སྡོད་མི་ ཨམ་སྲུ་ཅིག་ལུ་ ཁྱོད་ལུ་ ཨ་ལུ་ག་དེམ་ཅིག་ཡོདཔ་སྨོ་ཟེར་ དྲི་བའི་སྐབས་ ཨམ་སྲུ་དེ་གིས་ ཨ་ལུ་༦ ཡོད་ཟེར་སླབ་མི་དེ་ལུ་ གཙོ་འཛིན་གྱིས་ ལགཔ་མཐུད་དེ་ བཀྲིས་བདེ་ལེགས་ཡོད་ཟེར་སླབ་ཅི།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བུམ་ཐང་ཆུ་སྨད་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།

རྒྱ་གར་ལས་ རུ་པི་དུང་ཕྱུར་༣ ནང་ཁྲལ་སླར་ལོག་ཐོབ་ཡོདཔ།

༢༨/༦/༢༠༡༣   ༉ འབྲེལ་ཡོད་གཞུང་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱ་གར་ལས་ འཆར་གཞི་༡༠ པའི་མ་དངུལ་གྲོགས་རམ་ལྷག་ལུས་ དངུལ་ཀྲམ་དུང་ཕྱུར་༤.༢ དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཐོབ་མི་ཐོབ་གཏན་འཁེལ་བཟོ་དགོཔ་ཡོད་རུང་ འབྲུག་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱ་གར་གྱི་ རུ་པི་དུང་ཕྱུར་༣ སྤྱི་ལོ་༢༠༡༠-༢༠༡༡ ལོ་གི་ ནང་ཁྲལ་སླར་ལོག་ཐོབ་ཡོདཔ་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱིས་ དམངས་དངུལ་སྒེར་སྤྱོད་ཀྱི་ བཙོན་ཁྲིམས་མར་ཕབ།

༢༨/༦/༢༠༡༣   བཙོན་ཁྲིམས་མཐོ་ཤོས་ཕོག་མི་མ་གཏོགས་ མཐོ་གཏུགས་པ་གཞན་༤ ཆ་ར་ལུ་ ཁྲིམས་འཐུས་སྤྲོད་ཆོག་པའི་ འཁྲུན་ཆོད་གནང་ནུག།
༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་ འབྲུག་རྒྱལ་ཡོངས་ཡན་ལག་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༡༡.༩༥ སྒེར་སྤྱོད་འབད་བའི་ འབྲེལ་གནད་ནང་ ཁྲིམས་ཕོག་མི་ མཐོ་གཏུགས་པ་༥ གི་ བཙོན་ཁྲིམས་མར་ཕབ་འབད་དེ་ ཐོག་མའི་འཁྲུན་ཆོད་ཆ་ཤས་ཅིག་ བསྒྱུར་བཅོས་འབད་ནུག།

གཞལམ་སྒང་རྫོང་ཁག་ སྤྱང་ཤོས་ཅིག་འབད་རུང་ འཕྲལ་མགྱོགས་གོང་འཕེལ་འགྱོ་ནི།

༢༨/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ གཞལམ་སྒང་ཏིང་ཏི་སྦིས་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ རྫོང་ཁག་གི་ རྒེད་འོག་ཚུ་ནང་ འགྲུལ་འཁོར་ལམ་དང་ གློག་མེའི་ཞབས་ཏོག་ཚུ་ རྫོང་ཁག་གཞན་ཚུ་དང་ འདྲན་འདྲ་མེད་མི་ལུ་བརྟེན་ རྫོང་ཁག་དེ་ སྤྱང་ཤོས་ཅིག་ཨིན་ཟེར་སླབ་ཅི།

ཡོངས་འབྲེལ་ནང་ གནས་ཚུལ་ཁྱབ་སྤེལ་གྱིས་ མི་མང་ལུ་ གསོ་བའི་ཞབས་ཏོག་གི་ཚ་གྱང་།

༢༨/༦/༢༠༡༣   ༉ གཞལམ་བསྒང་གི་ གསོ་བའི་ལས་བྱེདཔ་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ཅིག་ནང་ ཨ་ལུ་སྐྱེས་ནད་ཤུགས་ཅན་སྦེ་རྐྱབ་མི་ ཨམ་སྲུའི་པར་ཅིག་ བཙུགས་ཐོག་ལས་ ཁྱབ་སྤེལ་འབད་མི་གིས་ མི་མང་གྲོང་གསེབ་ཚུ་ནང་སྡོད་མི་ཚུ་ལུ་ གསོ་བའི་ཞབས་ཏོག་མཐུན་རྐྱེན་གྱི་ ཚ་གྱང་ལང་དགོ་པའི་ གཞི་གནས་ལུ་ གྱུར་ཡོདཔ་ཨིན་པས།

ཤེ་ཏི་ཁ་རི་ཆུ་བྱག་གི་ལཱ་ ཆར་ཤུགས་མ་རྐྱབ་པའི་ཧེ་མར་ འགྲུབ་ནིའི་འབད་བརྩོན།

༢༨/༦/༢༠༡༣   ༉ དགེ་ལེགས་ཕུག་དང་ གཞལམ་སྒང་གི་གཞུང་ལམ་ལྟག་ལས་ མི་ཊར་༡༤༠༠ འབད་མི་ ས་གནས་ཤེ་ཏི་ཁ་རིའི་ ཆུ་གཤོང་ནང་ ཆུ་རུད་ཀྱིས་མེདཔ་བཏང་མིའི་ འཁོར་ལམ་སེལ་ནིའི་ལཱ་ཚུ་ ན་ཧིང་ སྤྱི་ཟླ་༡༢ པའི་ཟླ་མཇུག་ལུ་ ཁག་འབགཔ་ལུ་སྤྲོད་དེ་ དུས་ཅི་སྤྱི་ཟླ་༦ པའི་བདུན་ཕྲག་༢ པའི་ནང་ ལཱ་མཇུག་བསྡུ་དགོཔ་ཨིན་རུང་ དུས་ཚོད་ཁར་ འགྲུབ་མ་ཚུགས་མི་ལུ་བརྟེན་ ཁག་འབགཔ་༢ ཀྱིས་ ཉེས་ཆད་སྤྲོད་ཐོག་ལས་ དུས་ཚོད་ཐེབས་ལེན་ཏེ་ ལཱ་འཕྲོ་མཐུད་དེ་འབད་བའི་བསྒང་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་ ཤེ་ཏི་ཁ་རི་ལུང་ཤོང་།

ཕུན་སུམ་ཚོགས་པ་གིས་ དམངས་གཙོ་ཚོགས་པ་ལུ་ཉེས་འཛུགས།

༢༨/༦/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཐིམ་ཕུ་ལུ་བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་ཚུ་ སྟོབས་ཅན་དང་ དབང་ཚད་ཅན་ སྟོབས་ཤུགས་ཅན་ཚུ་ཨིན་ཟེར་བའི་ ཉེས་འཛུགས་འབད་མི་དེ་ མ་བདེན་པའི་གཏམ་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དང་ འདེམས་ངོ་ཚུ།

རྩོམ་སྒྲིག་པའི་སྣང་འཆར།

༢༨/༦/༢༠༡༣   མི་ངོ་སོའི་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་དགོཔ།
༉ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ཡོངས་ལུ་ གཞི་རྟེན་ཐོབ་དབང་ཚུ་ མ་བཏུབ་བཏུབ་སྦེ་ གནང་ཡོདཔ་མ་ཚད་ འདི་དང་བསྟུན་པའི་ གཞི་རྟེན་འགན་ཁུར་ཚུ་ གནང་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ ཐོབ་དབང་ཅིག་ཨིན་མས།

ཨིང་ལིཤ་གི་སློབ་དཔོན་དང་ དཔེ་དེབ་ཚུ་དགོ་པའི་གྲོས་བསྡུར།

༢༨/༦/༢༠༡༣   ༉ ཁ་ཙ་ཐིམ་ཕུ་ལུ་ དགེ་རབ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་ནང་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ གསུང་གྲོས་ལེ་ཤ་གནང་མིའི་གྲས་ལས་ གཅིག་ དགེ་རབ་གྲྭ་ཚང་ཚུ་ནང་ ཨིང་ལིཤ་གི་ ཆོས་ཚན་སློབ་སྟོན་དོན་ལུ་ སློབ་དཔོན་དང་ དཔེ་དེབ་ཀྱི་ དགོས་མཁོ་ཡོད་པའི་སྐོར་ལས་ གྲོས་བསྡུར་ཞིབ་པར་བྱུང་ཡི།

ནཱན་ད་ལཱལ་རའི་གིས་གཙོ་འཛིན་གྱི་ངོ་ཚབ་སྦེ་ བསམ་རྩེ་ལུ་ ཁས་བླངས་གསལ་བསྒྲགས།

༢༨/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བསམ་རྩེ་རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་པ་ ལྷོད་མ་ཚུགས་ཏེ་འབད་རུང་ ཁོ་གི་ངོ་ཚབ་སྦེ་ ནཱན་ད་ལཱལ་རའི་གིས་ རྫོང་ཁག་ནང་གི་ འདེམས་ཁོངས་༤ པོ་ཆ་ར་ནང་ འགྱོ་ནིའི་དོན་ལས་ རྩ་འགེངས་དོ་ཡོདཔ་ཨིན་པས།
ནན་ད་ལཱལ་རའི་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།

སློབ་ཕྲུག་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཁུངས་མེད་འགྱོ་ནིའི་འོས་འབབ།

༢༧/༦/༢༠༡༣   འགྲེམ་ཐོག་ཚོགས་རྒྱན་ཚུ་ སློབ་ཕྲུག་ག་ར་ ངལ་གསོ་ནང་ སོང་པའི་ཤུལ་ལུ་ ལྷོད་ནི་དེ་གིས་ ག་ཏེ་ལུ་ བསྐྱལ་ནི་ཨིན་ན་ མ་ཤེས་པར་ ལུས་ཡོདཔ་ཨིན་པས།
༉ ཤེས་རིག་མཐོ་རིམ་སློབ་གྲྭ་༣ གྱི་ བདག་སྐྱོང་ཚུ་ སློབ་ཕྲུག་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ཚུ་ ལོག་ག་དེ་སྦེ་ བསྐྱལ་ནི་ཨིན་ན་ མགུ་འཐོམ་སྟེ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ སློབ་དཔོན་སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་ གནམ་བྱཱར་གྱི་ ངལ་གསོ་ནང་སོང་སྟེ་ ཉིན་གྲངས་༤ དེ་ཅིག་གི་རྒྱབ་ལས་ མཐོ་རིམ་སློབ་གྲྭ་ཚུ་ནང་ ལྷོད་ཡོདཔ་ཨིན་པས།

བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ བདག་སྐྱོང་འགོ་དཔོན་གྱིས་ སློབ་ཕྲུག་ཚུ་གི་ ཁ་བྱང་མ་ཐོབ་པར་ ལུས་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་པའི་བསྒང་།

དགེ་རབ་གྲྭ་ཚང་ཁག་གིས་ སྲིད་དང་འབྲེལ་བ་མེད་པའི་ ཚུལ་མཐུན་ངོས་ལེན།

༢༧/༦/༢༠༡༣    ༉ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་འབྲེལ་ གཞུང་གྲྭ་ཚང་གི་ དགེ་འདུན་འཕགས་པའི་འདུས་ཚོགས་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་ལུགས་དང་བསྟུན་ སྲིད་དང་འབྲེལ་བ་མེདཔ་སྦེ་ ཚུལ་མཐུན་བཞུགས་དོ་ཡོདཔ་ཨིན་པས།

ཀིངསི་ཀ་ལབ་ཕུཊ་བཱོལ་འགྲན་བསྡུར་གྱི་ རེའུ་མིག་ཚེས་གྲངས་ གཏན་འཁེལ་སོང་ཡོདཔ།

༢༧/༦/༢༠༡༣   ༉ དུས་ཅི་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་རུང་ སྤྲོ་བ་དང་ དང་འདོད་བསྐྱེད་མི་ ན་གཞོན་དང་ མི་མང་ཚུ་གི་ སེམས་ཁ་ལུ་ ལོ་སྦེ་འགོར་དོ་བཟུམ་མའི་ ཚོར་སྣང་བྱུང་དོ་ཡོདཔ་ཨིན་པས།
འགོ་འདྲེན་པ་ བསོད་ནམས་འཇིགས་མེད་ཀྱིས་ གསལ་བཤད་འབད་བའི་བསྒང་།

གྲུབ་ཐོབ་ལུ་ རྒྱབ་སྐྱོར་པ་མང་རུང་ ཐུབ་བསྟན་ཡང་ རྒྱལ་ཁ་འཐོབ་ནིའི་གོ་སྐབས་ཡོདཔ།

༢༧/༦/༢༠༡༣   ༉ ཁ་ཙ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་-འཇམ་མཁར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གྲུབ་ཐོབ་ཀྱིས་ ཧེ་མ་ སྤྱི་ལོ་༡༩༨༥ ལུ་ ཁོ་ར་དཔེ་ཆ་ལྷབ་ས་ སྟོང་ཞང་ཀུན་བཟང་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སོང་ཡོདཔ་ཨིན་པས།
དེ་བསྒང་ ཁོ་རའི་ཆ་རོགས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཐུབ་བསྟན་ཚེ་རིང་ཡང་ ཁོ་དང་གཅིག་ཁར་སོང་ཡོདཔ་ད་ མཐུན་ཤོས་ཅིག་ཨིན་མི་ ལྟོ་ཚང་༢ ཆ་ར་ སྲིད་ཚོགས་ནང་ ཐེངས་༢ པ་ བཅའ་མར་གཏོགསཔ་ཨིན་པས།

འདེམས་ངོ་འཇིགས་མེད་བཟང་པོ་གིས་ སྒོ་བཤལ་བསྐུལ་བསྒྲགས་ འགོ་བཙུགས་ཡོདཔ།

༢༧/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ ཙཀླིང་རྒེད་འོག་ ཧོ་རོང་གཡུས་ཚན་ལས་ སྐྱེས་ལོ་༤༥ ལང་མི་ ཨྱོན་དེ་ ཁ་ཙ་ཉིན་མ་ ལྕང་ལཱ་རྐྱབ་ས་ལས་ ཕྱི་རུ་ ཁྱིམ་ནང་ལོག་འོང་བའི་སྐབས་ལུ་ མོ་གི་ སྒོ་གི་བསྣལ་ལྕགས་གུ་ པར་༢ སྦྱར་བཞག་ཡོདཔ་མཐོང་བའི་སྐབས་ལུ་ ཚར་ཅིག་ རྣམ་རྟོག་ལང་དགོཔ་བྱུང་ཡོདཔ་ཨིན་པས།
འཇིགས་མེད་བཟང་པོ་གིས་ ཆར་པའི་ནང་ ལྕང་ལཱ་རྐྱབ་ས་ལས་ཕར་ གཡུས་བཤལ་རྐྱབ་སྟེ་ གསལ་བསྒྲགས་འབད་བའི་བསྒང་།

ནོར་བུ་སྒང་རྒེད་འོག་ནང་ ཁྲོམ་མར་ཉམས་འགྱོ་བའི་ཚ་གྱང་།

༢༧/༦/༢༠༡༣   ༉ དྲོ་པའི་ཆུ་ཚོད་༨ ཀྲིག་ཀྲི་ལུ་ གྲོང་གཡུས་མི་སེར་སྡེ་ཚན་ཅིག་ ཆུ་ཐུབ་རས་ཆས་ཊིར་པཱལ་ཧོནམོ་རེ་དང་ དོས་ཆས་ཚུ་ ཕད་ཙེ་ནང་འདེགས་འབག་ཐོག་ལས་ འགྲོས་ཀྱིས་བཏང་སྦེ་ ལམ་འགྱོ་བའི་ཤུལ་ལུ་ ཧེ་མ་ ཅེང་བཱ་རི་ཟེར་སླབ་མི་ ནོར་བུ་སྒང་རྒེད་འོག་ལྟེ་བའི་ སྦོ་ལོགས་ཁར་ སྤུངས་འཛོམས་འབདཝ་ཨིན་པས།
ཤིང་གི་ཙོག་ཕུ་བརྡབས་བཞག་ཡོད་མི་ཚུ་གུ་ ཆུ་ཐུབ་ཊིར་པཱལ་བཀབ་ནི་དང་ ས་ཁར་འཐིང་ནི་ལུ་ གཅིག་གིས་གཅིག་ལུ་ ཆ་རོགས་འབད་བའི་ཤུལ་ལུ་ ཁོང་རའི་ གནས་སྐབས་ཀྱི་ ཚོང་ཁང་གྲ་སྒྲིག་འགྱོཝ་ཨིན་པས།

ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་ ཉོ་ཚོང་རྐྱབ་མི་ ས་གོ་མང་ཤོང་པར་ འོང་ནི་ཡོད་རུང་ ད་རེས་ནངས་པ་ མི་གངམ་འོང་ནི་མེད་པའི་ གནས་སྐབས་ཀྱི་ ཅེང་བཱ་རི་ཚོང་ཁྲོམ།

རྩོམ་སྒྲིག་པའི་སྣང་འཆར།

༢༧/༦/༢༠༡༣   འཆར་གཞི་༡༠ པ་ གྲུབ་འབྲས་ཅན་སྦེ་ མཇུག་བསྡུ་དོ་ཡོདཔ།
༉ སྤྱིར་བཏང་བཙག་འཐུའི་ནང་ འབྲེལ་གཏོགས་འབད་དེ་ གཞུང་གསརཔ་སྐྱོང་ནིའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གཉིས་ཀྱི་བར་ན་ གཅིག་གིས་གཅིག་ལུ་ དམའ་ཕབ་དང་ སྐྱོན་བརྗོད་ ཁ་ཉེས་ཚུ་བཀལ་ཐོག་ལས་ འུར་བྱེལ་སྦོམ་ལང་སྟེ་ཡོདཔ་ཨིན་རུང་ ད་རིས་ཀྱི་ བདུན་མཐའ་འདི་ འདས་པའི་ལོ་༥ གི་ དྲན་སྣང་གལ་གནད་ཅན་སྦེ་ མཇུག་བསྡུ་ནི་ཨིན་མས།

དགེ་རབ་གྲྭ་ཚང་ཁག་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས།

༢༧/༦/༢༠༡༣   ༉ ད་རིས་ལས་འགོ་བཙུགས་ཏེ་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པ་ འགོ་འདྲེན་འཐབ་ནི་ཨིན་པས།

ཚོགས་པ་མཉམ་བསྡོམས་འབད་བའི་སྒྲུབ་བྱེད་གསལ་སྟོན?

༢༦/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ བརྡ་བརྒྱུད་ཚུ་ལུ་ ད་རུང་ ཁ་གསལ་འབད་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ མཉམ་བསྡོམས་ཨིན་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།

སྲིད་དོན་ཚོགས་པ་གཉིས་ཆ་ར་ལུ་བཀའ་བཀྱོན།

༢༦/༦/༢༠༡༣   རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་འབད་བ་ཅིན་ སྲིད་ཚོགས་གཉིས་ཆ་ར་ལུ་ འཛོལ་བ་འདུག་ཟེར་ཨིན་པས།
༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ གྲོས་ཆོད་ཅིག་ བཏོན་མིའི་ནང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཆ་ར་ འཛོལ་བའི་ལམ་ཕྱོགས་ཞུགས་ཡོདཔ་ལས་ བཀའ་བཀྱོན་གནང་ཡོདཔ་ཨིན་པས།

དམ་ཅན་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཡོདཔ།

༢༦/༦/༢༠༡༣   ༉ ཁ་ཙ་ དམ་ཅན་དང་ ཀེ་ཊི་སི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་སར་ ལྟདམོ་ལྟ་མི་ སྤྲོ་བ་ཅན་ཚུ་གིས་ ཆརཔ་རྐྱབ་རུང་ རྒྱབ་བཤུད་མ་རྐྱབ་པར་ སྡེ་ཚན་ལུ་ སེམས་ཤུགས་བསྐྱེད་དགོ་པའི་ བསླབ་བྱ་དང་ བྱང་ཕྱད་ལུ་ དམའ་ཕབ་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
མཐའ་བཅད་འོག་མའི་རྩེད་འགྲན་ནང་ སྤྲོ་བ་དང་ཅས་པའི་སྒོ་ལས་ ལྟདམོ་ལྟ་བའི་བའི་བསྒང་།

མོང་སྒར་མི་སེར་གྱིས་ ལྟ་ཞིབ་ལེགས་ལྡན་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་བསམ་འཆར།

༢༦/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ ལགཔ་རྩ་གཡུས་ཚན་ལས་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་དབང་མོ་དང་ སྐྱེས་ལོ་༢༤ ལང་མི་ བདེ་ཆེན་དབྱངས་ཅན་གྱིས་ མོང་སྒར་ཁྲོམ་ཁར་ ཚོད་བསྲེ་བཙོང་པར་འོང་བའི་སྐབས་ འཕྲལ་འཕྲལ་ར་ ཚོད་བསྲེ་ཚུ་ ཁ་རྗེ་དང་འཁྲིལ་ མོང་སྒར་ཁྲོམ་ཁ་འགྱོ་མ་དགོ་པར་ སྐྱིད་བདེ་ཁ་ལུ་ལྷོདཔ་ད་ ཉོ་མི་འོང་དོ་ཡོདཔ་ཨིན་པས།
ཀརྨ་ལྷ་མོ་གིས་ཚོད་བསྲེ་བཙོང་མི་ ཨམ་སྲུ་༢ དང་ཕྱད་པའི་བསྒང་།

རི་བོ་ཏ་ལ་ལུ་ ས་རུད་ཆད་མི་ལུ་བརྟེན་ མི་མང་སྐྱེལ་འདྲེན་བཱསི་ལུ་དཀའ་ངལ།

༢༦/༦/༢༠༡༣   ༉ དུས་ཅི་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་རན་མི་དང་འཁྲིལ་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ གཞུང་ལམ་ཁར་ ས་གནས་རི་བོ་ཏ་ལ་ལུ་ ས་རུད་ཆདཔ་ཆད་སར་ སྡོད་མི་ལུ་བརྟེན་ གཞུང་ལམ་བརྒྱུད་དེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་མ་ཚད་ དམིགས་བསལ་དུ་ གཞལམ་སྒང་དང་ ཐིམ་ཕུ་བར་ནའི་ མི་མང་སྐྱེལ་འདྲེན་བཱསི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
རི་བོ་ཏ་ལ་ལུ་ ས་རུད་ཆད་དེ་ གཞུང་ལམ་བསུབས་མི་ཚུ་སེལ་བའི་བསྒང་།

བློན་པོ་བགྲེསཔ་དང་ རྫོང་བདག་བགྲེསཔ་༢ ཀྱི་བར་ན་རྩོད་བསྡུར།

༢༦/༦/༢༠༡༣   ༉ འདས་པའི་བདུན་མཐའི་རེས་གཟའ་ཟླ་བ་ལུ་ གསར་སྤང་རྫོང་ཁག་ གཤོམ་སྤང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་གྲས་ལས་གཅིག་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནན་ད་ལཱལ་ རའི་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྫོང་བདག་བགྲེསཔ་ རིན་འཛིན་རྡོ་རྗེ་༢ ཀྱི་བར་ན་ རྩོད་བསྡུར་འབད་ཡོདཔ་ད་ རྩོད་བསྡུར་གྱི་གནད་དོན་དེ་ དབང་ཚད་ཕྱིར་སྤེལ་གྱི་ གོ་དོན་གུ་སྦེ་ རྫོགས་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༦/༦/༢༠༡༣
ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གོ་སྐབས་ལེན་ཐོག་ལས་ ཚོགས་པའི་གཙོ་འཛིན་བགྲེསཔ་ སངས་རྒྱས་དངོས་གྲུབ་དང་ ཕྱད་པའི་བསྒང་།

མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཉེས་ཚུ་ལུ་དོ་འགྲན།

༢༦/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་མི་དེ་ ལེགས་ཤོམ་སྦེ་ བདེན་ཁུངས་བཀལ་བཅུག་དགོཔ་སྦེ་ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།

བུ་དི་ནི་འཁོར་ལམ་ ད་རིས་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི།

༢༦/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༨ ཀྱི་ནུབ་མོར་ ཆརཔ་ཤུགས་སྦེ་རྐྱབ་ད་ བསམ་རྩེ་ལུ་ བུ་དི་ནི་གཙང་ཆུ་བྲེས་ཏེ་ རྩི་སའི་ཡུར་ཟམ་གྱི་ གྱང་རྩིག་ཆ་ཤས་ཅིག་ འཕྱགས་བདའ་མི་ལུ་བརྟེན་ འཁོར་ལམ་གྱི་ གཞི་རྟེན་སྒྲིང་སྒྲིང་མེདཔ་བཟོ་དཔ་ལས་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་བཀག་ཆ་འབད་བའི་ཤུལ་ལུ་ ད་རིས་ལས་ ལམ་སྒོ་ཕྱེ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ནང་ བསྒྱུར་བཅོས་དགོ་པའི་བརྡ་མཚོན།

༢༦/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ གྱི་ སྤྱིར་བཏང་བཙག་འཐུའི་སྐབས་ དབང་འདུས་ཕོ་བྲང་ ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ཀྱི་མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ ད་རུང་ མི་སེར་དམངས་གཙོ་ཚོགས་པ་ལུ་འབད་ནི་ བཟུམ་ཅིག་ཡོད་མི་དེ་ ཁ་ཙ་ ཀ་བཞི་དང་ ཕང་ཡུལ་ རྒེད་འོག་༢ ནང་ སྤྱིར་བཏང་འཛོམས་འདུ་ནང་འོང་མི་ མང་ཤོས་ཅིག་གིས་ ཁོང་གི་དོན་ལུ་ གཞུང་སྐྱོང་ནིའི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐོབ་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་ཀུན་དགའ་དང་ མགོནམ་རྡོ་རྗེ།

སྤྱིར་བཏང་བཙག་འཐུའི་དོན་ལུ་ གཙོ་འཛིན་༢ ཀྱི་བར་ན་ རྩོད་བསྡུར་མེདཔ།

༉ སྤྱིར་བཏང་མི་ཚུ་གི་ བསམ་བཀོད་དང་འཁྲིལཝ་ད་ རྒྱང་མཐོང་ཊི་བི་ཐོག་ལས་ སྲིད་དོན་ཚོགས་པ་༢ ཀྱི་ གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་ཨིན་པས།
ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱི་ ལས་རིམ་དང་འཁྲིལཝ་ད་ གཙོ་འཛིན་༢ ཀྱི་བར་ན་ མི་མང་རྩོད་བསྡུར་ལས་རིམ་མེདཔ་ཨིན་པས།
དེ་ཡང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་པའི་གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་ཚར་ཡོདཔ་ལས་ ད་རེས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་གི་ མི་མང་རྩོད་བསྡུར་མ་གཏོགས་ གཙོ་འཛིན་ཚུ་གི་བར་ན་ རྩོད་བསྡུར་མེདཔ་ཨིན་པས།

ཧཱ་རང་རྩེ་ལུ་ སྲིད་ཚོགས་ཀྱི་ ལས་བྱེདཔ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ ཧཱ་རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ གསང་སྦས་ཁ་རང་རྩེ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ལས་བྱེདཔ་ཅིག་ལུ་ ཉེས་བྱ་དངུལ་ཀྲམ་༣,༠༠༠ བཀལ་ནུག།

དེ་ཡང་ པི་ཌི་པིའི་ལས་བྱེདཔ་ ཉི་མ་ཚེ་རིང་གིས་ སྤྱི་ཟླ་༦ པའི་ཚེས་༡༤ དང་༡༥ ལུ་ རང་རྩེ་གཡུས་ཚན་ནང་ མི་སེར་༡༡ ལུ་ དངུལ་ཀྲམ་༡༦,༠༠༠ བགོ་སྤྲོད་འབད་ཡོདཔ་ལས་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོདཔ་ཨིན་པས།

བཙག་འཐུ་དང་འབྲེལ་བའི་ རྩོད་དོན་༥ ལས་༤ ཆ་མེད་བཏང་ཡོདཔ།

སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་བཟུང་བའི་ ཁ་ཉེས་བཀལ་མི་ལུ་ སྙན་གསན་མཛད་པའི་བསྒང་ཡོདཔ་ཨིན་པས།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཐུག་ལས་ ཁོ་ལུ་ སྲིད་དོན་ཚོགས་པ་མཉམ་བསྡོམས་དང་ ལུང་ཕྱོགས་ཀྱི་ དབྱེ་བ་ཕྱེ་བའི་ ཉེས་འཛུགས་འབད་མིའི་བརྒལ་ལན་ ངག་ཐོག་དང་ ཡིག་ཐོག་གཉིས་ཆ་རའི་ནང་ ཕུལ་ཡོདཔ་ཨིན་པས།


བརྒལ་ལན་དེ་ཡང་ བཀྲིས་སྒང་རྫོང་བདག་གི་ ཡིག་ཚང་ནང་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ བཙུགས་ཡོདཔ་ད་ ཁོ་གི་ སྙན་གསན་དང་པ་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ འབད་ཡོདཔ་ཨིན་པས།


སྲིད་ཚོགས་༢ ཆ་རའི་ ཁས་བླངས་གསལ་བསྒྲགས་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ནི་ལུ་མགུ་འཐོམ།


མོང་སྒར་དང་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱིས་ མི་མང་རྩོད་བསྡུར་འབད་བའི་བསྒང་།
༉ སྤྱི་ཟླ་༦ པའི་ཚེས་༢༢ ཀྱི་ཕྱི་རུ་ མོང་སྒར་དང་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ མི་མང་རྩོད་འགྲན་གྱི་ ལས་རིམ་ནང་ བཅའ་མར་གཏོགས་མི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ མ་གཞི་ཧེ་མ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ ལེགས་ཤོམ་མཐོང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཁས་བླངས་གསལ་བསྒྲགས་ཚུ་ བསྒྱུར་བཅོས་འབད་དོ་ཡོདཔ་ལས་ མི་སེར་ཚུ་ མགུ་འཐོམ་ནི་མས་ཟེར་ཨིན་པས།

རྩི་རང་གི་ རྩོད་བསྡུར་ནང་ཡང་ སྐྱོན་བརྗོད་མངམ་འབད་ཡོདཔ།གཡོན་ལས་ ཡོ་གེཤ་ཏ་མང་དང་ གཡང་ཁུག་ཚེ་རིང་གིས་ རྩོད་བསྡུར་འབད་བའི་བསྒང་།

 
གཡོན་ལས་ ཡོ་གེཤ་ཏ་མང་དང་ གཡང་ཁུག་ཚེ་རིང་གིས་ རྩོད་བསྡུར་འབད་བའི་བསྒང་།

༉ འདས་པའི་བདུན་ཕྲག་ནང་ འགོ་འདྲེན་འཐབ་མི་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་བར་ན་ རྩོད་བསྡུར་འབད་མི་དེ་ རྫོང་ཁག་གཞན་ཚུ་ནང་འབད་མི་ རྩོད་བསྡུར་དང་ ཁྱད་པར་ག་ནི་ཡང་མེད་པའི་ མངོན་གསལ་བྱུང་ཡི།

དེ་ཡང་ ད་རེས་ནངས་པ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཡོད་མི་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་ཡོདཔ་ལས་ ཡ་མཚན་ཆེ་དགོཔ་ མ་བྱུངམ་ཨིན་པས།

ཤེས་རིག་གྲོང་ཁྱེར་ས་ཁོངས་ནང་ བློན་པོ་བགྲེསཔ་ཚུ་ལུ་ ས་ཆ་མེདཔ།


ས་ཆ་དེ་ ཤེས་རིག་གྲོང་ཁྱེར་གྱི་དོན་ལུ་ རང་དབང་ཐོག་ ལཱ་འབད་མི་ རྒྱལ་གཞུང་ཤེས་རིག་བཀོད་ཚོགས་ཀྱིས་ དམངས་གཙོའི་གཞུང་དབུ་འཛུགས་མ་འབད་བའི་ཧེ་མར་ གནས་སྐབས་གཞུང་གི་སྐབས་ ངོས་འཛིན་འབད་འབདཝ་མ་གཏོགས་ འབྲུག་ཕུན་སུམ་ཚོགས་པ་གིས་ འབད་འབདཝ་མེན་ཟེར་ དོགས་སེལ་འབདཝ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་ཞལ་འཛོམས་ནང་
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་
དོགས་སེལ་འབད་བའི་བསྒང་།
 ༉ ཐིམ་ཕུ་ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་ཡོད་པའི་སྐོར་ ཁ་ཉེས་བཀལ་ཡོད་མི་ལུ་བརྟེན་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དོགས་སེལ་འབད་ཡི།

ཁོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ མ་བདེན་པའི་ མ་ཉེས་ཁ་གཡོགས་བཀལ་དགོ་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་ ཡན་ལག་ལས་སྡེ་ འབྲུག་གི་གསར་ཤོག་གམ་ དཱ་བུཊ་ནིསི་དང་ བུ་ཊཱན་ནོ་མིགསི་༢ ཀྱིས་ རྫུན་གཏམ་བཤད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ལོ་བསྟར་སྒྲོལ་མ་འབུམ་བསགས་མི་དེ་ ད་རིས་འགྲོལ་ནི།

བཀྲིས་ཆོས་རྫོང་ནང་ ལོ་བསྟར་སྒྲོལ་མ་འབུམ་བསགས་པའི་བསྒང་།
 ༉ ལོ་བསྟར་བཞིན་དུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ སྒྲོལ་མ་འབུམ་བསགས་གནང་སྲོལ་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༣ ལས་འགོ་བཙུགས་ ད་རིས་ འགྲོལ་གནང་ནི་ཨིན་པས།

དེ་ཡང་ ལོ་བསྟར་བསགས་གནང་མི་ སྒྲོལ་མ་འབུམ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབུ་བཞུགས་ཐོག་ གཞུང་གྲྭ་ཚང་གི་ དགེ་འདུན་ཞལ་གྲངས་༢༠༠ ལྷགཔ་ཅིག་གིས་ བསགས་ཡོདཔ་ད་ ཉིནམ་རེ་ལུ་ སྒྲོལ་མ་༢༠,༠༠༠ དེ་རེ་ བསགས་སྦྱང་གནངམ་ཨིན་པས།

ཤ་ནང་འདྲེན་འབད་མ་ཚུགས་པའི་དཀའ་ངལ་ ཡུན་འགྱངས་ལུས་ནི།

༉ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ས་མཚམས་ས་གནས་ཚུ་ནང་ ཤའི་གོང་ཚད་ བདེ་བསྒྲིགས་འབད་མ་ཚུགས་མི་ལུ་བརྟེན་ འབྲུག་པའི་ཤ་ཚོང་པ་ཚུ་གིས་ ཤ་ནང་འདྲེན་འབད་མ་ཚུགས་པར་ཡོད་མི་དེ་ གཞུང་གསརཔ་ གཞི་བཙུགས་མ་འབད་ཚུན་ ཡུན་འགྱངས་ལུས་ནི་ཨིན་པས།

ཐིམ་ཕུའི་ཤ་ཚོང་པ་ཚུ་གིས་ ཁ་ཙ་ སྒོ་ནོར་འགོ་དཔོན་དང་ ཕྱདཔ་ཡོདཔ་བཞིན་དུ་ ཤ་ཚོང་པ་ཚུ་གིས་ ཤ་ཚུ་ ག་ཅི་ལུ་བརྟེན་ཏེ་ ནང་འདྲེན་འབད་མ་ཚུགསཔ་ཨིན་ནའི་སྐོར་ལས་ ཞུ་ཚིག་བཙུགས་དགོཔ་སྦེ་ ཁོ་གིས་ སླབ་ཡོདཔ་ད་ ཐིམ་ཕུ་སྒོ་ནོར་འགོ་དཔོན་ རྡོ་རྗེ་འབྲུག་པ་གིས་འབད་བ་ཅིན་ ཁོ་གིས་ གནད་དོན་དེ་ ཤའི་ཚོགས་པ་ལུ་ བཙུགས་ནི་ཨིན་ཟེར་ཨིནམ་ད་ ཚོགས་པའི་ནང་ སྒོ་ནོར་དང་ ཁྲོམ་སྡེ་ ཁྲིམས་སྲུང་འགག་སྡེ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ དེ་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།

བསམ་རྩེའི་མི་སེར་ཚུ་གིས་ ས་ཁྲམ་དང་མི་རྩིས་ཀྱི་ དཀའ་ངལ་སེལ་ཐབས་ལུ་དྲིས་བཀོད།

 
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ 
ཚེ་རིང་སྟོབས་རྒྱས་ཀྱིས་ བསམ་རྩེ་རྡོ་རོ་ཁ་ལུ་ བསྐུལ་བསྒྲགས་འབད་བའི་བསྒང།

༉ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བསམ་རྩེ་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ ལྷོ་མཚམས་ཀྱི་ ཁ་སྐད་ཐོག་ལས་ མི་སེར་ཚུ་ལུ་ རང་གི་ཞིང་ཁའི་ལཱ་གིས་ དལ་ཁོམས་མེད་དེ་འབད་རུང་ གྲོས་འཛོམས་ནང་ བཅའ་མར་གཏོགས་པར་ འོང་མི་དེ་ལུ་ བཀྲིན་ཆེ་ཟེར་ སླབ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ ལྷོ་མཚམས་པའི་ཁ་སྐད་ ལེགས་ཤོམ་ཅིག་སྦེ་ མ་ཤེས་ནི་དེ་གིས་ གསལ་བཤད་ཚུ་ ཚོགས་པའི་འདེམས་ངོ་ཚུ་གིས་ སྐད་བསྒྱུར་འབད་དེ་ སླབ་ཡོདཔ་ཨིན་པས།

ཀྲོང་གསར་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གཙང་ཆུ་ཁ་སྒྱུར་བཏང་ཡོདཔ།

༢༤/༦/༢༠༡༣   ༉ ཁ་ཙ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ གཙང་ཆུ་ཁ་སྒྱུར་བཏང་བའི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ནུག།
མང་སྡེ་ཆུ་ཁ་སྒྱུར་བཏང་མི་ལུ་ གཟིགས་ཞིབ་གནང་པའི་བསྒང་།

བཙག་འཐུའི་ནང་ ཚུལ་མིན་ཐོག་ ཏི་རུ་ལག་ལེན་འཐབ་པ་ཅིན་ ཚོགས་རྒྱན་ཐོབ་ཚུགས་ག?

༢༤/༦/༢༠༡༣    ༉ སྲིད་ཚོགས་ཚུ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ མི་སེར་གྱི་སེམས་ལྷུ་ཚུགས་པའི་ ཁས་བླངས་འབདཝ་མ་ཚད་ ཐབས་ཤེས་སྣ་ཚོགས་བཏོན་དོ་ཡོདཔ་ད་ དེའི་གྲས་ལས་ གཅིག་ ཚོགས་རྒྱན་བཙུགས་མི་ཚུ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཚུལ་མིན་ཐོག་ལས་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ བྱིན་དོ་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ཨིན་རུང་ ཏི་རུ་གིས་ ཚོགས་རྒྱན་ཐོབ་ཚུགས་མི་ཚུགས་ མ་ཤེསཔ་ཨིན་པས།

བསྐུལ་བསྒྲགས་ལས་རིམ་ཚུ་ ཚ་གྱང་ཆེ་བའི་གནད་དོན་ལུ་གྱུར་དོ་ཡོདཔ།

༢༤/༦/༢༠༡༣   ༉ འདས་པའི་བདུན་ཕྲག་མཇུག་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ སྤྱིར་བཏང་བཙག་འཐུའི་བསྐུལ་བསྒྲགས་ལས་རིམ་དེ་ སྲིད་ཚོགས་༢ ཀྱིས་ ཚ་གྱང་ཅན་གྱི་གནས་སྟངས་ཐོག་ འགོ་འདྲེན་འཐབ་པའི་ གསལ་སྟོན་འབདཝ་ལས་ བསྐུལ་བསྒྲགས་ལས་རིམ་དེ་ ལྷན་ཚོགས་ལུ་ ཚ་གྱང་ཆེ་བའི་གནད་དོན་ལུ་གྱུར་ཏེ་ཡོད་ཟེར་ སྲིད་ཚོགས་༢ ཆ་རའི་ གཙོ་འཛིན་ཚུ་ལུ་ བརྡ་འཕྲིན་བཏང་ནུག།

སྐྱེལ་འདྲེན་ཞབས་ཏོག་གསརཔ་ལུ་བརྟེན་ ཆུ་གཟར་སྒང་རྒེད་འོག་གི་ མི་སེར་ཚུ་ སེམས་དགའ་ཡོདཔ།

༢༤/༦/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ ཆུ་གཟར་སྒང་རྒེད་འོག་གི་དོན་ལུ་ སྣུམ་འཁོར་ཊཱག་ཅིག་ མི་མང་སྐྱེལ་འདྲེན་ཞབས་ཏོག་སྦེ་ འགོ་བཙུགས་མི་ལུ་བརྟེན་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཞབས་ཏོག་གསརཔ་དེ་གིས་ མའུ་ཁོ་ལ་གཙང་ཆུ་གུ་ལས་ ཉེན་ཁ་འབག་སྟེ་ བརྒལ་དགོ་པའི་ཁར་ གླ་འཁོར་ཚུ་ནང་ གླ་འཐུས་སྦོམ་སྤྲོད་དེ་ བྱ་ཐབས་མེད་པར་ འགྲོ་འགྲུལ་འབད་དགོ་པའི་ དཀའ་ངལ་ཚུ་ སེལ་ཡི་ཟེར་ཨིན་པས།

གཡུས་མི་ཚུ་གིས་ སྣུམ་འཁོར་ནང་འཛུལ་བའི་བསྒང་།

ཡར་སྐྱེད་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་ནང་ གི་རིན་ཊིམ་དང་ རྩེད་འགྲན་འབད་ནི།

༢༤/༦/༢༠༡༣   ༉ ཁ་ཙ་ ཡར་སྐྱེད་དང་ ཆ་རོགས་ལེགས་ཤོམ་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཡར་སྐྱེད་ཀྱིས་ སྐུགས་༢ པམ་དེ་ཡང་ཆོད་དེ་ མཐའ་བཅད་འོག་མའི་ནང་ལྷོད་ཅི།
སྐུགས་དང་པ་ ཡར་སྐྱེད་སྡེ་ཚན་གྱིས་ཆོདཔ་ད་ བྱང་ཕྱད་ཀྱིས་སྐུགས་༦ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ སྐུགས་༢ པ་ཆོད་པའི་སྐབས་ལུ་ཡང་ ཆ་རོགས་ལེགས་ཤོམ་གྱིས་ སྐུགས་༡༦ མ་གཏོགས་ ཐོབ་མ་ཚུགསཔ་ལས་ ཕམ་སོ་ཡི།

ཕམ་སོ་མི་ ཆ་རོགས་ལེགས་ཤོམ་མདའ་རྩེདཔ་ཚུ་གིས་ མདའ་འཆམ་རྐྱབ་སྟེ་ ཏའི་འཐེན་པའི་བསྒང་།

ཁས་བླངས་མེན་པར་ འཐུས་མི་༢ ཀྱིས་ གཅིག་གིས་གཅིག་ལུ་སྐྱོན་བརྗོད།

༢༤/༦/༢༠༡༣    ༉ དབང་འདུས་ཕོ་བྲང་ཨ་ཐང་-ཐད་ཚོ་འདེམས་ཁོངས་ཀྱི་ འཐུས་མི་༢ ཀྱིས་ དར་དཀར་རྒེད་འོག་ལྟེ་བའི་ནང་ སྤྱིར་བཏང་གྲོས་འཛོམས་སྐབས་ལུ་ ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་དེ་ དུས་ཚོད་རྫོགས་སོཔ་ཨིན།

སྐྱེངས་མཁར་- ཝེ་རིང་ལ་གི་འདེམས་ངོ་༢ ཀྱིས་ ཞི་བདེའི་རྩོད་འགྲན།

༢༤/༦/༢༠༡༣    ༉ མོང་སྒར་རྫོང་ཁག་ནང་ འདེམས་ངོ་ལ་ལུ་ཅིག་གི་བར་ན་ རྩོད་འགྲན་ཚུ་ རྒྱ་ཆེཝ་འབད་ར་ བྱུང་དོ་ཡོདཔ་ཨིན་རུང་ སྐྱེངས་མཁར་- ཝེ་རིང་ལ་གི་ འདེམས་ངོ་༢ ཀྱི་བར་ན་ དེ་བཟུམ་གྱི་ རྩོད་འགྲན་བྱུང་ས་མ་མཐོངམ་ཨིན་པས།
མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་གི་ འདེམས་ངོ་རིག་འཛིན་རྒྱ་མཚོ་དང་ བསོད་ནམས་རྒྱ་མཚོ་༢ ཀྱི་བར་ན་ རྩོད་བསྡུར་འབད་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༤/༦/༢༠༡༣
མོང་སྒང་སྒང་གུ་ལ་ལུ་ སློབ་ཕྲུག་ཚུ་གིས་ ངལ་གསོའི་སྐབས་ལུ་ ཚོད་བསྲེའི་རིགས་ཚུ་ བཙོང་སྡོད་པའི་བསྒང་།

དྲགོས་པ་སངས་དབང་འདུས་ཀྱི་ འདས་པའི་ཉམས་མྱོང།

༢༤/༦/༢༠༡༣   ༉ ཧེ་མ་ འབྲུག་རྒྱལ་༢ པ་ མི་དབང་འཇིགས་མེད་དབང་ཕྱུག་གི་སྐབས་ ཚར་གཅིག་ ང་ར་ རྐང་ཁྲི་འབག་མི་སྦེ་ སྡོད་པའི་བསྒང་ ངེ་གི་མིང་ཡང་ ཅཱེར་མཱེན་ཟེར་ ཐོབ་ཅི་ཟེར་ ད་རེས་ སྐྱེས་ལོ་༨༣ ལང་མི་ དྲགོས་པ་སངས་དབང་འདུས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་  དཔལ་འབྲུག་འཇུག་ཞིབ་འཚོལ་ལྟེ་བའི་ ཞལ་འཛོམས་ཁང་ནང་སྦེ་ འདས་པའི་དུས་ཚོད་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་སྐབས་སླབ་ཅི།
དྲགོས་པ་སངས་དབང་འདུས་ཀྱིས་ འདས་པའི་ཉམས་མྱོང་བཤད་པའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༦/༢༠༡༣   སྲིད་ཚོགས་དང་ ཚོགས་རྒྱན་སྐྱུར་མི་ཚུ་ ཏི་རུའི་དབང་ལུ་ཐལ་ཉེན།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༡༩ ལས་བརྒལ་མེད་རུང་ ད་རེས་ནངས་པ་ སྲིད་ཚོགས་གཉིས་ཀྱིས་ རྒྱལ་ཁ་འཐོབ་ནིའི་དོན་ལས་ ཚོགས་རྒྱན་ཉོ་ནི་གི་ ཐབས་ལམ་སྒྲིག་དགོ་ཡོད་པའི་ ལོ་རྒྱུས་དང་ འཐོར་གཏམ་གོཝ་མས།

སྣུམ་འཁོར་༢,༦༦༨ དེ་ཅིག་གིས་ ཡིག་ཆ་བསྐྱར་གསོ་མ་འབད་བར་ཡོདཔ།

༢༤/༦/༢༠༡༣   ༉ རྒྱལ་ཁབ་ནང་ སྣུམ་འཁོར་ཇོ་བདག་ཚུ་གིས་ རང་སོའི་སྣུམ་འཁོར་གྱི་ ཡིག་ཆ་ཚུ་ བསྐྱར་གསོ་འབད་དེ་ དུས་མཐུན་ཐོག་ བཞག་དགོཔ་ཨིན་རུང་ ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བར་བཞག་མི་ཡང་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ད་རེས་ཁམས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བར་ ལུས་ཏེ་ཡོད་མི་ཚུ་གིས་ རངསོའི་ཉེ་འདབས་ལུ་ཡོད་པའི་ དབང་འཛིན་གྱི་ ཡིག་ཚང་ཚུ་ནང་ འགྱོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།


སྲིད་ཚོགས་ཚུ་གིས་ ཏི་རུ་ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུས་འདྲ་མིན།

༢༤/༦/༢༠༡༣   ༉ དམངས་གཙོའི་རིང་ལུགས་དེ་ འབྲུག་ལུ་ འཛམ་གླིང་ནང་ གཞན་དང་མ་འདྲ་བའི་ དཔེ་སྟོན་རུང་བའི་ལམ་ལུགས་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ སྲིད་ཚོགས་༢ ཆ་ར་གིས་ གཙོ་བོར་བཏོན་ནི་སྦེ་སླབ་ཨིན་རུང་ དོན་ངོ་མ་ལུ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ ཅོག་ར་འཐདཔ་སྦེ་ འགྱོ་དོ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་པས།

སྣུམ་འཁོར་གྱི་བསྐྱིན་འགྲུལ་ བཀག་ཆ་འབད་རུང་ སྣུམ་འཁོར་ཚུ་ ནང་འདྲེན་འབད་དེ་ར་ཡོདཔ།

༢༢/༦/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༣ པའི་ བར་སྐབས་ཅིག་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་ གདོང་ལེན་འབད་ནིའི་དོན་ལུ་ སྣུམ་འཁོར་ཉོ་ནིའི་ བསྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༦ པ་ལས་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ལུ་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་བརྩིས་པའི་ སྒེར་འཁོར་༡,༠༡༤ དེ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་པས།

དོསཔ་༡༢ ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བཅུག་ཡོདཔ།

༢༢/༦/༢༠༡༣   སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ཞིབ་དཔྱད་འབད་མི་ སྡེ་ཚན་ཅིག་ གཏང་ནི་ཨིན་པས།
༉ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འཐུས་མི་༥ འབད་མི་ སྡེ་ཚན་ཅིག་ དབང་འདུས་ཕོ་བྲང་གི་ས་གནས་ སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ཚུ་ནང་ གཏང་ནི་ཨིན་པས།

གོ་བ་བརྡ་ལོག་སྦེ་ གོ་མི་ཚུ་ལུ་ དོགས་པ་སེལ་ཡོདཔ།

༢༢/༦/༢༠༡༣   ༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་མ་འཚོགས་པའི་ཧེ་མར་ ཆརཔ་ཤུགས་སྦེ་ རྐྱབ་ཡོད་རུང་ དེ་ལུ་ འཚེར་སྣང་མེད་པར་ མི་སེར་ཚུ་གིས་ ཉི་གདུགས་བཀབ་སྟེ་ ཞལ་འཛོམས་ནང་ འོང་ཞིནམ་ལས་ མཇུག་མ་བསྡུ་ཚུན་ཚོད་ བཅའ་མར་གཏོགས་མི་དེ་ དོན་སྨིན་ཅན་ཅིག་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ ཕུན་ཚོགས་གླིང་གི་ མི་ཚུ་དང་ ཕྱད་པའི་བསྒང་།

ལོ་༨ ཀྱི་ཤུལ་ལས་ ཀིངསི་ཀ་ལབ་ལོག་འགོ་འདྲེན་འཐབ་ནི།

༢༢/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུཊ་བཱོལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་དང་ འོད་ཟེར་ལས་སྡེའི་གཙོ་འཛིན་འགོ་དཔོན་ ཀུན་བཟང་དབང་འདུས་༢ ཀྱི་བར་ན་ ཀིངསི་ཀ་ལབ་ཀྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།

འདེམས་ངོ་གཉིས་ཆ་ར་ རྒྱལ་ཁ་འཐོབ་ནི་གི་ བློ་སྟོབས་སྒྲིང་སྒྲིང་ཡོདཔ།

༢༢/༦/༢༠༡༣   ༉ བསམ་རྩེ་རྫོང་ཁག་གི་ འདེམས་ངོ་གཉིས་ཀྱིས་ མི་མང་རྩོད་བསྡུར་ཅིག་ནང་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ཁོང་གཉིས་ཆ་ར་ བློ་སྟོབས་དང་ ཞི་འཇམ་ བག་ལྷོད་ཐོག་ལུ་སྡོད་པའི་ མཐོང་སྣང་བྱུངམ་ཨིན་རུང་ རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཚོགས་རྒྱན་གྱི་ཉིན་མར་ འདེམས་ངོའི་གདོང་དང་ ཡང་ཅིན་ ཡོངས་གྲགས་ཡོད་མི་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ འཐོན་ནི་ཨིན་པས།
རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཊེག་བྷ་དུར་སུ་བྷ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཋ་ཀུར་སིང་ པའུ་ཌེལ།

འདེམས་ངོ་༢ ཆ་ར་ལུ་ ལྕོགས་གྲུབ་ཡོདཔ་ལས་ གདམ་ཁ་རྐྱབ་ནི་ལུ་མགུ་འཐོམ།

༢༢/༦/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ འོག་ཐོག་གི་ བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབད་ཞིནམ་ལས་ཚུར་ སྤྱིར་བཏང་བཙག་འཐུའི་ནང་ ཚོགས་རྒྱན་བཙུག་པར་འགྱོ་ནི་ལུ་ སྒྱིད་ཐག་སྐྱུར་སུ་ཅིག་འགྱོ་བའི་ ལོ་རྒྱུས་སླབ་སར་གོ་མི་དེ་ཡང་ ཁོང་གིས་མནོ་མི་འདེམས་ངོ་ འཇིགས་མེད་བཟང་པོ་གི་ ཚོགས་པ་ཕམ་མི་ལུ་བརྟེན་ཨིན་པས།
མོང་སྒར་འདེམས་ཁོངས་ཀྱི་ འཇིགས་མེད་བཟང་པོ་དང་ ཀརྨ་ལྷ་མོ།

གཡོག་ནང་ལས་ བཏོན་བཏང་མི་ལུ་ དྲང་བདེན་མ་ཐོབ་པའི་མཐོ་གཏུགས།

༢༢/༦/༢༠༡༣   ༉ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ལོ་༢༠༡༠ ལུ་ ཁོ་ར་ འབྲུག་གོང་འཕེལ་དངུལ་ཁང་ནང་ དངུལ་གཉེར་སྦེ་ ལཱ་འབད་སྡོད་པའི་སྐབས་ དངུལ་ཀྲམ་༤༠,༠༠༠ སྒེར་སྤྱོད་འབད་བའི་ ཉེས་འཛུགས་ལུ་བརྟེན་ གཡོག་ནང་ལས་ བཏོན་བཏང་མི་དེ་ལུ་ དྲང་བདེན་མ་ཐོབ་ཟེར་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

བུམ་ཐང་གི་ འདེམས་ངོ་ཆ་མཉམ་ལུ་ དོ་འགྲན་སྒྲིང་སྒྲིང་འོང་ནི།

༢༢/༦/༢༠༡༣   ༉ བུམ་ཐང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་གིས་ མི་སྡེ་ལུ་ གཞི་བཞག་པའི་ ཁས་བླངས་ཚུ་འབད་དོ་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་ཚོགས་པའི་ ཁས་བླངས་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་ ཧྲམ་སོཔ་སྦེ་སླབ་མི་ལུ་དོགས་སེལ།

༢༢/༦/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ མ་གཞི་ ཁོ་ར་གིས་ མཐོང་མཐོངམ་མེད་རུང་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ ག་ཅི་སླབ་ཡོདཔ་ཨིན་ན་ཚུ་ ཁྲིམས་འགལ་ཐོག་ སྒྲ་བཟུང་འབད་དེ་ མི་སྡེའི་བརྡ་བརྒྱུད་ནང་བཙུགས་མི་ཚུ་ ག་ཨིན་ན་ ལྟ་ཞིབ་འབད་དགོཔ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་གིས་ བརྡ་བརྒྱུད་ལུ་ དོགས་སེལ་འབད་བའི་བསྒང་།

ནའི་ཇི་རི་ཡ་ལས་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་ ལེན་ཡོདཔ།

༢༢/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ཕུཊ་བཱོལ་སྡེ་ཚན་ཀ་པའི་ རྫོང་རིག་སྡེ་ཚན་གྱིས་ སྡེ་ཚན་གྱི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་ ཕྱི་རྒྱལ་ནའི་ཇི་རི་ཡ་རྒྱལ་ཁབ་ སི་གེར་ཕུཊ་བཱོལ་སློབ་སྦྱོང་ནང་ལས་ སློབ་ཕྲུག་ཅིག་ ལེན་ཡོདཔ་ཨིན་པས།
འབྲུག་གི་སྡེ་ཚན་ནང་ ཕྱི་མི་རྩེད་འགྲན་པ་ འགོ་ཐོག་བཅའ་མར་གཏོགས་མི་ཅེ་ཅེ།

གཡང་འཕེལ་མདའ་རྩེད་འགྲན་བསྡུར་འགོ་བཙུགས་ནི་ཨིནམ་ལས་ ལམ་ལུགས་དུམ་གྲ་ཅིག་བསྒྱུར་བཅོས་འབད་ཡོདཔ།

༢༢/༦/༢༠༡༣   ༉ དུས་ཅིའི་ལོའི་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ གཡང་འཕེལ་གྱི་ མདའ་རྩེད་འགྲན་བསྡུར་ཐེངས་༡༧ པ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ཧེ་མའི་ལམ་ལུགས་དང་འཁྲིལ་ མདའ་རྩེདཔ་ལེགས་ཤོམ་གྱི་ཐོ་བཀོད་སྒྲུབ་མི་ཚུ་གིས་ སྡེ་ཚན་ནང་ མདའ་རྩེདཔ་རེ་ལས་བརྒལ་ བཅའ་མར་ གཏོགས་མི་ཆོག་ནི་ཨིན་པས།
ད་རེས་ནངས་པ་ སྡེ་ཚན་བཟོ་མི་ཚུ་གིས་ ཧེ་མ་ གཡང་འཕེལ་ནང་ རྩེད་འགྲན་འབད་མི་ མདའ་རྩེད་ལེགས་ཤོམ་གྱི་ ཐོ་བཀོད་འབད་ཡོད་མེད་ཀྱི་ དབྱེ་ཞིབ་འབད་དེ་ མིང་ཐོ་བཀོད་དགོཔ་ཨིན་པས།


ལོ་༥ གི་ཤུལ་ལས་ ད་རུང་ མའུ་མཁོ་ལ་ཟམ་ བཟོ་སྐྲུན་འབད་ནིའི་ཁས་བླངས།

༢༢/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དགེ་ལེགས་ཕུག་གི་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་རུང་ ལོག་སྟེ་ར་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ མའུ་མཁོ་ལ་ཟམ་དེ་ བཟོ་སྐྲུན་འབད་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དགེ་ལེགས་ཕུག་གི་ མི་སེར་ཚུ་ལུ་ མའུ་ཁོ་ལ་ཟམ་ བཟོ་སྐྲུན་འབད་ནི་གི་ ཁས་བླངས་འབད་བའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༢/༦/༢༠༡༣   རྩོད་བསྡུར་ཚུ་ ཁྱད་རིག་དང་ལྡན་དགོཔ།
༉ ད་རེས་ནངས་པ་ འབྲུག་པའི་མི་སེར་ཚུ་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ སོ་ནམ་གྱི་ ལཱ་ཤུགས་ལང་པའི་ ནམ་དུས་ལུ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འབད་བའི་འུར་བྱེལ་ ཤུགས་སྦེ་ར་ལང་སྟེ་ཡོདཔ་ཨིན།

དབང་འདུས་ལུ་ ལྕང་ལཱ་གིས་ སྤྱིར་བཏང་འཛོམས་འདུ་ལུ་ བར་ཆད།

༢༢/༦/༢༠༡༣   ༉ ཁ་ཙ་ དབང་འདུས་ཕོ་བྲང་ དགའ་སེང་ཚོ་གོངམ་དང་ ཚོ་འོགམ་རྒེད་འོག་༢ ནང་ སྤྱིར་བཏང་འཛོམས་འདུའི་སྐབས་ལུ་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ ཚོ་འོགམ་རྒེད་འོག་ནང་ མི་གྲངས་༢༤ ལས་བརྒལ་མེད་མི་དེ་ ད་ཚུན་གྱི་བར་ན་ རྒེད་འོག་༤ ནང་ འཛོམས་འདུ་འགོ་འདྲེན་འཐབ་ས་ལས་ ཉུང་ཤོས་ཅིག་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་འཕྲིན་ལས་ཀྱིས་ གྲོས་འཛོམས་ནང་ འོང་མི་ཅིག་དང་ཕྱད་པའི་བསྒང་།

རྒྱ་གར་གྱི་གསར་ཤོག་ཅིག་གིས་ མ་བདེན་པའི་གནས་ཚུལ་བཀོད་ཡོདཔ།

༢༡/༦/༢༠༡༣   ༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་བདུན་ཕྲག་ནང་ བིས་ནེསི་ ཨིསི་ཊེན་ཌརཌ་ཟེར་མི་ རྒྱ་གར་གྱི་གསར་ཤོག་ཅིག་གིས་ འབྲུག་དང་ རྒྱ་གར་གྱི་ གློག་མེ་ལས་འགུལ་གྱི་མཉམ་འབྲེལ་ནང་ མཐུན་ལམ་ལེགས་ཤོམ་མེདཔ་སྦེ་ བཀོད་མི་དེ་ལུ་ རྣམ་རྟོག་ལང་དགོཔ་ བྱུང་ཡི་ཟེར་ཨིན་པས།

སིབ་སུ་འདེམས་ཁོངས་ནང་ བཙག་འཐུའི་དོ་འགྲན་ སྒྲིང་སྒྲིང་འབྱུང་ནི།

༢༡/༦/༢༠༡༣   དེ་ཡང་ འདེམས་ངོ་ཅིག་ལུ་ སྤྱི་ཚོགས་ནང་ ལོ་༥ ཕྱག་ཞུ་བའི་ ཉམས་མྱོང་ལུ་བརྟེན་ རྒྱལ་ཁ་འཐོབ་ནི་བཟུམ་ཡོད་རུང་ འདེམས་ངོ་གཞན་མི་དེ་གིས་ སྡི་ཆེ་བའི་ ཚོགས་རྒྱན་འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
༉ བསམ་རྩེ་བཀྲིས་ཆོས་གླིང་(སིབ་སུ) འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༨ ལང་མི་ དུར་ག་པར་སཱད་ཀྱིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ རི་ཏུ་རཱཇ་ ཆེ་ཏི་རི་དང་ཕྱདཔ་ད་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོདཔ་ཨིན་རུང་ འདེམས་ཁོངས་ནང་ ཁོང་གཉིས་ཆ་ར་ ཡོངས་གྲགས་འདྲན་འདྲ་ཡོདཔ་ལས་ དོ་འགྲན་ཅན་ འབྱུང་ནི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དུར་ག་པར་སཱད་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རི་ཏུ་རཱཇ་ ཆེ་ཏི་རི།

ཕོ་སྐྱེས་ཅིག་གིས་ ཨར་རྐུན་འབད་བའི་རྫུན་ཁ་བཟེད་ཡོདཔ།

༢༡/༦/༢༠༡༣  ༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ནང་ ཁག་འབག་གི་ལཱ་འབད་མི་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ རྒྱ་གར་ ཧིན་དཱུསི་ཏཱན་བཟོ་སྐྲུན་ལས་སྡེ་ལས་ དངུལ་ཀྲམ་༡༧༢,༠༠༠ ལྷགཔ་ཅིག་ ཨར་རྐུན་འབད་བའི་ཁར་ ཅ་ཆས་ཚུ་ཡང་ བཅག་དཀྲུམས་འབད་བའི་ ཉེས་འཛུགས་འབད་མི་དེ་ བདེན་རྫུན་དབྱེ་དཔྱད་འབད་ནིའི་དོན་ལུ་ ཁ་ཙ་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་གཙོས་པའི་ འགོ་དཔོན་ཚུ་གིས་ ལས་སྡེའི་ས་ཁོངས་ནང་ ཞིབ་དཔྱད་འབད་ཡི།
དྲང་དཔོན་པ་སངས་དབང་མོ་གིས་ ཏི་རུ་བཙུགས་བཞག་སའི་སྒྲོམ་
ཞིབ་དཔྱད་འབད་བའི་བསྒང་།

སྤྱིར་བཏང་གྲོས་འཛོམས་ ཤར་ཕྱོགས་པའི་ ཁ་སྐད་ནང་འབད་ཡོདཔ།

༢༡/༦/༢༠༡༣   ༉ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་ལེ་ཤ་ཅིག་ལུ་ སྤྱིར་བཏང་གྲོས་འཛོམས་སྐབས་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ཁར་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱལ་ཡོངས་སྐད་ཡིག་ ཧ་མ་གོ་བའི་ དཀའ་ངལ་བྱུང་པའི་ ནམ་དུས་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ སྲིད་ཚོགས་གཉིས་ཆ་རའི་ འདེམས་ངོ་ཚུ་གིས་ ཤར་ཕྱོགས་པའི་ཁ་ནང་ གསལ་བཤད་འབདཝ་ཨིན་པས།

གེ་ཟ་སྲིབ་ཀྱིས་ ཁེ་སང་བཟོ་རུང་ སྤྱ་སྲུང་ནི་ལུ་ གདོང་ལེན།

༢༡/༦/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ལ་ལུ་ཅིག་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་སྲུང་ནི་དེ་ ལཱ་ཁག་རྐྱབ་དོ་ཡོད་རུང་ མོང་སྒར་རྫོང་ཁག་ ཁྲི་ལྡང་སྦིས་གཡུས་ཚན་གྱི་ མི་སེར་ལ་ལུ་ཅིག་གིས་ གེ་ཟའི་ཐོན་སྐྱེད་ཚུ་ འཐོན་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྤྱ་ཚུ་འདྲོག་བཅུག་ནིའི་དོན་ལུ་ གེ་ཟའི་ཞིང་ནང་ སྟག་རྫུས་མ་བཞག་པའི་མཐོང་སྣང་།

དམ་ཅན་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་ནང་ དོ་འགྲན་འབད་ནིའི་གོ་སྐབས།

༢༡/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ དམ་ཅན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་བཏངམ་ལས་ འབྲུག་གོང་འཕེལ་དངུལ་ཁང་སྡེ་ཚན་དེ་ མཐའ་བཅད་འོག་མའི་ནང་ ལྷོད་མི་ཚུགས་ནི་ཨིན་མི་ལུ་ སེམས་ཐག་ཆོད་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ རྩེད་འགྲན་པ་ཅིག་གིས་ ཚག་གཏད་པའི་བསྒང་།

འདས་པའི་ལོ་དང་ཕྱདཔ་ད་ གློག་བརྙན་བཟོ་སྐྲུན་འབད་མི་ མར་བབས།

༢༡/༦/༢༠༡༣   ༉ རྒྱལ་ཁབ་ནང་ དཔལ་འབྱོར་ཉམས་འགྱོ་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་འབད་མི་ སྦྱིན་བདག་ཚུ་གིས་ གློག་བརྙན་གསརཔ་བཟོ་མ་ཚུགསཔ་ལས་ དུས་ཅི་ གློག་བརྙན་ཁང་ནང་ གློག་བརྙན་གསརཔ་གྱངས་ཁ་ཆོདཔ་ཅིག་མ་གཏོགས་ གསརཔ་གཅིག་ཤུལ་གཉིས་ཤུལ་སྦེ་ སྟོན་ནི་མེདཔ་ཨིན་པས།
སྤྱི་ལོ་༢༠༡༠ ནང་ གློག་བརྙན་༢༩ གསར་བཏོན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ གློག་བརྙན་༣༡ དེ་བཟུམ་སྦེ་ ན་ཧིང་ སྤྱི་ལོ་༢༠༡༢ ལུ་ གློག་བརྙན་༢༩ གསརཔ་བཟོ་བཀོད་འབད་ཡོདཔ་ཨིན་པས།


ཞི་བདེ་དང་གོང་འཕེལ་ མཐུན་འབྲེལ་བཟོ་ཚུགས་མི་དེ་ མིག་གིས་མ་མཐོང་མི་ གྲུབ་འབྲས་སྦོམ་ཤོས།

༢༡/༦/༢༠༡༣   ༉ ཁྱེད་ཆ་ཁྱབ་ཀྱིས་ འདས་པའི་ལོ་༥ འི་ཧེ་མར་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ག་ཅི་ར་ བྱིན་ནི་ཨིན་ན་ཚུ་ སེམས་ཁར་དྲན་མས་ག?
དེ་ཡང་ འདྲ་མཉམ་གྱི་ཐོག་ལས་ གོང་འཕེལ་གཏང་ནིའི་དོན་ལུ་ རྒེད་འོག་ལྟེ་བ་ཚུན་ སྣུམ་འཁོར་ལམ་དང་ ས་གནས་ཐདམ་ཐད་ཁ་ལས་ཕར་ འགྲུལ་འཕྲིན་གྱི་སྦྲེལ་མཐུད་ གློག་མེ་ འཐུང་ཆུ་ ཨ་ལུ་ཚུ་ ཕུད་རྡོག་གཅིག་ཡང་བཀོག་མ་བཞག་པར་ སློབ་གྲྭ་ཚུ་ནང་བཙུགས་ནི་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་ གཡུས་སྒོ་ཚུ་ནང་ སོ་ནམ་དང་ སྒོ་ནོར་ཚོགས་པ་བཟོ་སྟེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཚུ་ ཨིན་ཟེར་ཨིན་པས།

དགེ་ལེགས་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱི བསྐུལ་བསྒྲགས་ཉན་མི་ཚུ།

མི་མང་གི་བསམ་འཆར།

༢༡/༦/༢༠༡༣   འདེམས་ངོ་དང་ སྲིད་ཚོགས་ག་ཅི་བཟུམ་ཅིག་ལུ་ ལྟ་དགོཔ་ཨིན་ན?
༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་མཆོག་གིས་ འབྲུག་གི་བློན་ཆེན་ཐེངས་མང་རབས་ཅིག་ མཛད་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ནི་ཨིན་རུང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ གསུང་བཤད་གནང་མི་ ལ་ལུ་ཅིག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དགོངས་དོན་ལས་ འགལ་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ཞུ་ནི།

མོང་སྒར་བཟུང་ལེན་གཡུས་ཚན་ནང་ འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་བརྩི་སྲུང་།

༢༡/༦/༢༠༡༣    ༉  མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ལས་ སྐྱེས་ལོ་༣༧ ལང་མི་ སངས་རྒྱས་འཕྲིན་ལས་ཀྱིས་ ན་གཞོན་སྦེ་སྡོད་པའི་སྐབས་ལུ་ བུ་གཞི་ལེ་ཤ་དགོ་པའི་ མནོ་བསམ་བཏང་ཡོད་རུང་ ད་རེས་འབདཝ་ད་ བུ་༣ ལས་བརྒལ་མེད་མི་དེ་ལུ་ རྒྱུ་མཚན་བཀོད་ནི་ཡོདཔ་ཨིན་པས།
བཟུང་ལེན་གཡུས་ཚན་ནང་ འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་
བརྩི་སྲུང་འབད་བའི་བསྒང་།

སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ཚུ་ སྲིད་ཚོགས་གཞན་ནང་འཛུལ་ཞུགས།

༢༠/༦/༢༠༡༣  ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ཚུན་ཚོད་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མི་ དཔལ་ལྡན་(མིང་བསྒྱུར་བཅོས) དེ་ ད་རིས་འབདཝ་ད་ བཀྲིས་སྒང་ར་ལྡི་རྒེད་འོག་ བདེ་སྐྱིད་གླིང་ལས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་སྦེ་ འཛུལ་ཞུགས་འབད་དེ་ཡོདཔ་ཨིན་པས།

ཕུན་སུམ་ཚོགས་པའི་ འདྲ་མཉམ་དང་དྲང་བདེན་ལུ་ འགྱུར་བ་མེདཔ།

༢༠/༦/༢༠༡༣   ༉ ཁ་ཙ་ཉིན་མ་ རྩི་རང་འགྲམ་ཕུ་ལུ་ སྨོན་ལམ་ཆེན་མོའི་ཚོགས་ཁང་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དེ་ཁར་འཛོམས་མི་༦༠༠ ལྷགཔ་ཅིག་ལུ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་གནས་ཡུན་རིང་ འབྲུག་ཕུན་སུམ་ཚོགས་པ་འདི་ ཁྱེད་ཀྱི་གཞུང་མེནམ་བཟུམ་ཚོར་ཡི་ག? ཁྱེད་ཕུད་རྡོག་གཅིག་ བཀོག་བཞག་ཡི་ག?ཟེར་བའི་ དྲི་བཀོད་འབད་ཡི།
ཁ་ཙ་ རྩི་རང་འགྲམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ མི་མང་བསྐུལ་བསྒྲགས་འབད་བའི་བསྒང་།

གློག་རྒྱུན་གྱིས་ཨམ་སྲུ་ཅིག་ལུ་ ཤི་རྐྱེན།

༢༠/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༨ ཀྱི་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ཁར་ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་ ཕུ་མ་ཟུར་གཡུས་ཚན་ནང་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་ཅིག་ གློག་རྒྱུན་རེག་སྟེ་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

འདེམས་ངོ་གཉིས་ཆ་ར་གིས་ བྱ་སྟབས་མ་བདེཝ་སྦོམ་མ་ཐོན་པའི་དོགས་སེལ།

༢༠/༦/༢༠༡༣   ༉ བཀྲིས་སྒང་རྫོང་ཁག་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱི་བར་ན་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ ཁ་ཉེས་བཀལ་ཐོག་ལས་ མོས་མཐུན་བྱུང་མ་ཚུགས་པའི་སྐོར་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་ལུ་ འདེམས་ངོ་གཉིས་ཆ་རའི་ ཁ་ཐུག་ལས་ དོགས་སེལ་འབདཝ་ཨིན་པས།
འཆམ་མཐུན་སྦེ་ སྡོདཔ་ཨིན་ཟེར་སླབ་མི་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་དང་ ནོར་བུ་དབང་ཕྱུག་གཉིས།

སྡེ་ཚན་༨ ཀྱི་བར་ན་ མཐའ་བཅད་ཆུང་བའི་རྩེད་འགྲན་ ད་རིས་ལས་ འགོ་བཙུགས་ནི།

༢༠/༦/༢༠༡༣   ༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཁྲི་མངའ་གསོལ་གྱི་རྒྱལ་རྟགས་ཀྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་མི་དེ་ ད་རིས་ལས་ སྡེ་ཚན་༨ ཀྱི་བར་ན་ མཐའ་བཅད་ ཆུང་བའི་རྩེད་འགྲན་འབད་ནི་ འགོ་བཙུགས་ནི་ཨིན་པས།
ལྕང་གླང་མི་ཐང་གི་རྒྱལ་ཡོངས་བདའ་རྩེད་འགྲན་བསྡུར་འབད་ས་ཕྱི་མི་ ལྟ་བཤལཔ་ཚུ་གིས་སྤྲོ་སྣང་གི་ཐོག་ལས་ ལྟདམོ་ལྟ་བའི་བསྒང་།

གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཤའི་བཀྲམ་སྤེལ་མེདཔ།

༢༠/༦/༢༠༡༣  ༉ ལོ་ཨ་རྟག་ར་ བཀག་དམ་འབད་སྲོལ་ཡོད་མི་དང་འཁྲིལ་ དུས་ཅིའི་ ས་ག་ཟླ་བའི་དུས་ཆེན་རྫོགས་ཏེ་ སྤྱི་ཟླ་༦ པའི་ཚེས་༩ ལས་ ཤ་ཚུ་བཙོང་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་རུང་ ཤ་ཁང་ཚུ་ནང་ ད་ལྟོ་ཡང་ ཤ་མེདཔ་ཨིན་པས།
ཤ་མེད་པའི་ ཤ་ཁང་།

གླང་༢ ཀྱིས་ཁ་རུབ་རྐྱབ་སྟེ་ གླང་༡ ལུ་འཐབ་པའི་ཚ་གྱང་།

༢༠/༦/༢༠༡༣   ༉ གཞུང་སྐྱོང་ག་གིས་འཐོབ་སྟེ་འབད་རུང་ དང་པ་ར་ རྐང་ཁྲི་དགོ་ནི་མས་ཟེར་བའི་ འུར་བྱེལ་འཐབ་མི་ལུ་བལྟ་བ་ཅིན་ ལྷུན་རྩེ་རྫོང་ཁག་དེ་ མཐའ་ཟུར་གྱི་ རྫོང་ཁག་ཅིག་ཨིན་པའི་སྣང་བ་ རང་བཞིན་གྱིས་ཤརཝ་ཨིན་པས།
སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ཚེ་རིང་བསྟན་འཛིན་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་གིས་ མི་མང་རྩོད་འགྲན་འབད་བའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༦/༢༠༡༣   གོ་བརྡ་འཕྲོད་མ་ཚུགས་པ་ཅིན་ ཕན་ཁྱད་མི་འོང་ནི།
༉ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ཀྱི་ སྲིད་དོན་ཚོགས་པ་གཉིས་ཆ་རའི་ འདེམས་ངོ་༢ ཀྱིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཁོང་གི་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནི་དེ་ ཆ་མེད་བཏང་དགོཔ་སྦེ་ ཡིག་ཐོག་ལུ་ ཞུ་བ་འབད་ཡོདཔ་མ་ཚད་ ཁ་ཙ་ཡང་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་ འདེམས་ངོ་ཅིག་གིས་ཡང་ མོ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མི་གཏོགས་ནི་སྦེ་ ངོས་ལེན་འགོ་དཔོན་ལུ་ སྙན་ཞུ་འབད་ནུག།

སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་པར་བསྐུལ་བསྒྲགས་འབད་ནི་ལུ་ངོས་ལེན།

༢༠/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་དང་འབྲེལ་ གཡུས་སྒོའི་མི་སེར་ཚུ་གི་ བྱ་སྟབས་བདེ་ཧིང་ལུ་དམིགས་ཏེ་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་ལུ་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ཚུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་པར་ བསྐུལ་བསྒྲགས་ལས་རིམ་ཚུ་ རང་སོའི་སྒེར་གྱི་ཐོག་ལས་ འབད་ནི་ལུ་ངོས་ལེན་འབདཝ་ཨིན་པས།

རི་བེ་ཀ་གུ་རུང་གིས་ སྤྱིར་བཏང་གྲོས་འཛོམས་ནང་ གྲལ་གཏོགས་མི་འབད་ནི།

༢༠/༦/༢༠༡༣   ༉ ཁ་ཙ་ སྒོམ་ཀྲུ་ལུ་སྦེ་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ཕུན་སུམ་དཔལ་རི་- བསམ་རྩེ་ འདེམས་ཁོངས་ཀྱི་འདེམས་ངོ་ རི་བེ་ཀ་གུ་རུང་གིས་ བཅའ་མར་མི་གཏོགས་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ནང་ དི་ན་ནཱཐ་དུང་ངལ་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༡༩/༦/༢༠༡༣
ཁ་ཙ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ཡོདཔ་མ་ཚད་ རྡོ་གཅལ་ནང་ ནང་རྟེན་རྩ་ཅན་ཚུ་ཡང་ མཇལ་ཁ་གནང་ཡོད་པའི་གནས་ཚུལ།