གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡར་སྐྱེད་སྡེ་ཚན་གྱིས་ དམ་ཆེན་དང་གཅིག་ཁར་ མཐའ་བཅད་རྩེད་འགྲན་འབད་ནི།

༢༩/༦/༢༠༡༣   ༉ ཡར་སྐྱེད་སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཚུགས་པའི་རེ་བ་མེད་པར་ གི་རིན་ཊིམ་དང་གཅིག་ཁར་ དོ་འགྲན་ལེགས་ཤོམ་འབད་ནིའི་རེ་བ་བསྐྱེད་མི་གིས་ ཁྱད་འཕགས་ཅན་གྱི་གྲུབ་འབྲས་བྱུང་ཡོདཔ་ཨིན་པས།
ལྟདམོ་ལྟ་མི་ཚུ་གིས་ སྤྲོ་བ་དང་བཅས་པའི་སྒོ་ལས་ མདའ་འགྱོ་སར་ ལྟ་དོ་ཡོདཔ།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ རྩེད་འགྲན་འབདཝ་ད་ གི་རིན་ཊིམ་གྱིས་ ཉིན་མའི་ཆུ་ཚོད་༡༡ ལུ་ སྐུགས་དང་པ་ཆོད་པའི་ཤུལ་ལས་ རྩེད་འགྲན་པ་ཚུ་ སེམས་ཤི་སྟེ་ རྩེད་འགྲན་འབད་དགོ་མ་མནོ་བར་སྡོད་དགོཔ་ཐོན་རུང་ སྡེ་ཚན་གྱི་འགོ་ཁྲིདཔ་གིས་ ཁ་བཀོད་བསླབ་བྱ་ལེགས་ཤོམ་བྱིན་མི་ལུ་ རྩེད་འགྲན་པ་ཚུ་གིས་ སེམས་དང་མནོ་བསམ་གཅིག་མཐུན་ཐོག་ལས་ རྩེད་འགྲན་འབད་ཡོདཔ་ལས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ ལུ་ སྐུགས་ཆོད་བཏང་ཡོདཔ་ཨིན་པས།
རྩེདམོ་ལུ་ མིག་ཏོ་མེད་ཟེར་སླབ་དོ་བཟུམ་སྦེ་ སྡེ་ཚན་༢ ཆ་ར་གིས་ སྐུགས་རེ་རེ་འདྲན་འདྲ་ཆོད་ཡོདཔ་ལས་ ཁ་ཙ་ རྩེད་འགྲན་འཕྲོ་མཐུད་འབད་བའི་སྐབས་ བརྩོན་ཤུགས་དང་ སྤྲོ་བ་ཐེབས་བསྐྱེད་དེ་ རྩེད་འགྲན་འབདཝ་ལས་ ཉིནམ་གཅིག་གི་ དབང་རྟ་ཀླུང་རྟ་ལུ་བརྟེན་ རྒྱལ་ཁ་ཐོབ་མ་གཏོགས་ གི་རིན་ཊིམ་ནང་ ཉམས་མྱོང་དང་ རིག་རྩལ་ཅན་གྱི་མདའ་རྩེདཔ་ཡོད་དོ་བཟུམ་སྦེ་ ང་བཅས་ཀྱི་སྡེ་ཚན་ནང་མེད་ཟེར་ ཡར་སྐྱེད་སྡེ་ཚན་གྱི་འགོ་ཁྲིདཔ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
གི་རིན་ཊིམ་གྱི་འགོ་ཁྲིདཔ་འོགམ་ ཀུན་ལེགས་ཚེ་རིང་གིས་ འབད་བ་ཅིན་ ཡར་སྐྱེད་སྡེ་ཚན་གྱིས་ ཕམ་བཏང་འོང་མནོ་བའི་རེ་བ་ མ་བསྐྱེད་ཟེར་ཨིན་པས།
སྡེ་ཚན་བཟོ་སྟེ་ ལོ་བསྟར་བཞིན་དུ་ བཅའ་མར་གཏོགས་དགོ་མི་དེ་ མི་སྡེ་ནང་ ཞི་བདེ་འབྱུང་ཐབས་དང་ མི་ཚུ་གི་བར་ན་ མཐུན་ལམ་ ངོ་ཤེས་འདྲིས་ཤེས་བཟོ་ནིའི་དོན་ལུ་ཨིནམ་མ་ཚད་ སྤྱི་ལོ་༢༠༡༢ བཟུམ་སྦེ་ མཐའ་བཅད་ནང་ ལྷོད་མ་ཚུགས་ཏེ་འབད་རུང་ སང་ཕོད་གོ་སྐབས་ཡོདཔ་ལས་ སེམས་ཤི་དགོཔ་མེད་ཟེར་ཨིན་པས།
ཉིནམ་དང་པའི་ནང་ གི་རིན་ཊིམ་གྱིས་ སྐོར་ཐེངས་༦ པའི་ནང་ སྐུགས་དང་པ་ཆོདཔ་ད་ བྱང་ཕྱད་ཀྱིས་ སྐུགས་༡༡ ལས་བརྒལ་ ཐོབ་མ་ཚུགསཔ་ད་ སྐོར་ཐེངས་༡༠ པའི་ནང་ ཡར་སྐྱེད་སྡེ་ཚན་གྱིས་ སྐུགས་ཆོད་དེ་འདྲན་འདྲ་བཟོཝ་ད་ གི་རིན་ཊིམ་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས།
ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ སྐོར་ཐེངས་༩ འི་ནང་ ཡར་སྐྱེད་ཀྱིས་ སྐུགས་༡༥ ཐོབ་སྟེ་ སྐུགས་༢ པམ་ཆོད་བཏངམ་ད་ གི་རིན་ཊིམ་གྱིས་ སྐུགས་༢༥ ལས་བརྒལ་ཐོབ་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༣༠ རེས་གཟའ་ཟླཝ་ལུ་ སྤྱི་ལོ་༢༠༡༢ ནང་ རྒྱལ་རྟགས་ཀྱི་གསོལ་རས་ཐོབ་མི་ དམ་ཆེན་སྡེ་ཚན་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་དེ་ རྒྱང་མཐོང་ནང་ དངོས་མཐོང་སྦེ་ གཏོན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment