གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ནང་ བསྒྱུར་བཅོས་དགོ་པའི་བརྡ་མཚོན།

༢༦/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ གྱི་ སྤྱིར་བཏང་བཙག་འཐུའི་སྐབས་ དབང་འདུས་ཕོ་བྲང་ ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ཀྱི་མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ ད་རུང་ མི་སེར་དམངས་གཙོ་ཚོགས་པ་ལུ་འབད་ནི་ བཟུམ་ཅིག་ཡོད་མི་དེ་ ཁ་ཙ་ ཀ་བཞི་དང་ ཕང་ཡུལ་ རྒེད་འོག་༢ ནང་ སྤྱིར་བཏང་འཛོམས་འདུ་ནང་འོང་མི་ མང་ཤོས་ཅིག་གིས་ ཁོང་གི་དོན་ལུ་ གཞུང་སྐྱོང་ནིའི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐོབ་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་ཀུན་དགའ་དང་ མགོནམ་རྡོ་རྗེ།


དེ་ཡང་ སྐྱེས་ལོ་༥༥ ལང་མི་ཨྱོན་གྱིས་ སླབ་མིའི་ནང་ གཞུང་དེ་ སྲིད་དོན་ཚོགས་པ་སོར་ཡི་སོར་ཡི་ར་ སྐྱོང་ཚུགས་པ་ཅིན་ མི་སེར་ལུ་ལེགས་ཤོམ་སྦེ་ ཕན་ཐོགས་ནིའི་འོས་འབབ་མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་༡ གིས་ར་ གོ་སྐབས་ལེན་སྡོད་པ་ཅིན་ ལཱ་ལེགས་ཤོམ་འབད་མི་བཏུབ་ནི་བཟུམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༦༥ ལང་མི་ རིན་ཆེན་རྡོ་རྗེ་གིས་འབད་རུང་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་ལུ་བལྟ་བ་ཅིན་ མི་སེར་ལུ་ཐད་ཀར་དུ་ ཕན་ཐོགས་ནི་བཟུམ་ཡོདཔ་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ འབད་ནི་ཟེར་ཨིན་པས།
མི་ཚུ་གིས་སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ མགོནམ་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་འབད་མི་ ལཱ་ཚུ་ འགྲུབ་མ་ཚུགས་ཟེར་ཨིན་པའི་ཁར་ རྒེད་འོག་༢ ནང་ འཐུང་ཆུ་དང་ ཞིང་ཆུ་ཡང་བཏོན་མ་ཚུགས་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ འདེམས་ཁོངས་དེ་ནང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པ་ལས་ ཚོགས་རྒྱན་༦༧༡ ཐེབས་ཐོབ་སྟེ་ ཚོགས་པ་༤ གི་གྲས་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ཨིན་པས།
ཀ་བཞི་རྒེད་འགོ་ལུ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢༥༦ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༣༣༦ དེ་ལས་ ཕང་ཡུལ་རྒེད་འོག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༩༧ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༣༥༡ ཐོབ་ཡོདཔ་ཨིན་པས།
མགོནམ་རྡོ་རྗེ་གིས་ ཀ་བཞི་རྒེད་འོག་གི་མི་སེར་ལུ་སླབ་མིའི་ནང་ རྒེད་འོག་ནང་ ཁག་ཆེ་བའི་གོང་འཕེལ་གྱི་ལཱ་ འཐུང་ཆུ་གཏོན་ནི་དང་ གློག་མེ་བཀྲམ་སྤེལ་ བརྡ་དོན་འཕྲུལ་རིག་ སོ་ནམ་ཞིང་ལམ་ དེ་ལས་ ཤེས་རིག་ཞབས་ཏོག་གི་ གྲུབ་འབྲས་ཚུ་ བཏོན་ཡོད་པའི་ཁར་ ད་ལས་ཕར་ ལྷག་ལུས་ཚུ་འཕྲོ་མཐུད་འབད་ནི་ཡོདཔ་བཞིན་དུ་ འཆར་གཞི་༡༡ པའི་གོང་འཕེལ་གྱི་ལཱ་དེ་ ཚོགས་པ་ག་བཟུམ་ཅིག་ལུ་བརྩམ་བཅུག་ནི་ཨིན་ན་ མི་སེར་ཚུ་གི་ལག་པར་ ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་སྐབས་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ལེགས་ཤོམ་མ་འབད་མི་དེ་ ཚོགས་པ་དང་ གཙོ་འཛིན་ལུ་བརྟེན་ཏེ་མིན་པ་ འདེམས་ངོ་ཁོ་ལུ་བལྟ་སྟེ་ མ་བཙུགས་པས་ཟེར་ཨིནམ་ད་ ཁོ་གིས་ འདེམས་ཁོངས་ནང་ འཕྲལ་འཕྲལ་སྦེ་ འོང་མ་ཚུགསཔ་ལས་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་སྦེ་ བཞག་མ་ཚུགས་མི་ལུ་བརྟེན་འོང་ནི་མས་ཟེར་ཨིན་རུང་ དེ་བཟུམ་གྱི་འཛོལ་བ་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ ད་རུང་ ཁོ་བཙག་འཐུ་འབད་གནང་ཟེར་ཨིན་པས།
ཁོ་གིས་ མི་ཚུ་གི་རེ་འདོད་དེ་ སོ་ནམ་ཞིང་ལམ་སྒྲིང་སྒྲིང་དགོཔ་ཨིནམ་སྦེ་ ཧ་གོ་ཡོདཔ་བཞིན་དུ་ གལ་སྲིད་ ལོག་སྟེ་འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ འཆར་གཞི་༡༡ པའི་ནང་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནི་དང་ སོ་ནམ་ཞིང་ལམ་ཚུ་ རྡོ་རུ་བླུགས་ཏེ་ ལེགས་བཅོས་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ ཁས་བླངས་གསརཔ་ཅིག་ ཐིམ་ཕུ་དང་དབང་འདུས་ཀྱི་བར་ན་ སྣུམ་འཁོར་ལམ་དེ་ ས་འོག་ལས་ གཏོན་ནིའི་འཆར་གཞི་བརྩམ་ནི་ཟེར་ཨིནམ་ད་ ས་འོག་ལམ་དེ་ སེལ་ཚུགས་པ་ཅིན་ ད་རེས་ ཁྲོམ་༢ ཀྱི་བར་ན་ བརྒྱུད་འབྲེལ་འབད་བའི་སྐབས་ ཉུང་ཤོས་ཆུ་ཚོད་༣ དེ་རེ་འགོར་མི་དེ་ སྐར་མ་༤༥ དེ་ཅིག་གི་ནང་འཁོད་ལུ་ ལྷོད་ཚུགས་ནི་ཨིནམ་ལས་ རྒྱལ་ས་ལུ་ལཱ་འབད་མི་ཚུ་ དབང་འདུས་དང་ སྤུ་ན་ཁ་ཁྲོམ་ལས་སྦེ་ འགྱོ་ཚུགས་ཟེར་ཨིན་པས།
ཞིང་ཆུའི་ཐད་ལུ་ལྷོདཔ་ད་ ཁོ་གི་བློ་འགྱོད་ངོ་མ་ར་ ཕང་ཡུལ་རྒེད་འོག་གི་ཞིང་ཆུ་གཏོན་ནི་སྦེ་ མ་དངུལ་ དངུལ་ཀྲམ་ས་ཡ་༨༨༤ བགོ་བཀྲམ་འབད་བཞག་མི་དེ་ གཡུས་ཁའི་རྩོད་རྙོགས་ལུ་བརྟེན་ ཆ་མེད་སོང་མི་དེ་ཨིན་ཟེར་ཨིནམ་ད་ ཞིང་ཆུ་དེ་ཡང་ སྦས་ཆུ་ལས་བཏོན་ཏེ་ ཕང་ཡུལ་སྐྱེལ་ནིའི་འཆར་གཞི་ཡོད་མི་དེ་ ཀ་བཞིའི་མི་ཚུ་གིས་ ཁོང་གི་ས་ཁ་ལས་ གཡུར་བ་བཏོན་ནིའི་གནང་བ་ མ་བྱིན་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འཐུས་མི་ ཀུན་དགའ་གིས་འབད་བ་ཅིན་ ཁོ་གིས་ དབང་ཚད་ཕྱིར་སྤེལ་གྱི་ཐོག་ལས་ ས་གནས་གཞུང་གི་ ཐོབ་ལམ་ཡར་སེང་འབད་ནི་དང་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནི་ སོ་ནམ་ཞིང་ལམ་སེལ་ནི་ རྒེད་འོག་ལྟེ་བ་རེ་ནང་ མར་ཁུ་བླུག་མཛོད་ཁང་བཟོ་ནི་ མེ་རླུང་རྒྱ་རྫི་གེསི་གི་ཞབས་ཏོག་འགོ་བཙུགས་ནི་ རྒེད་འོག་རེ་ལུ་ སྣུམ་འཁོར་རེ་བྱིན་ནི་ དེ་ལས་ སྤྱི་འོག་རེ་ནང་ འཕྲུལ་གླང་པ་ཝར་ཊི་ལར་བྱིན་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
སྐྱེ་ལོ་༣༩ ལང་མི་ ཀུན་དགའ་གིས་སླབ་མིའི་ནང་ ཁོ་གིས་ སྤྱིར་བཏང་བཙག་འཐུའི་ནང་ཡང་ རྒྱལ་ཁབ་འཐོབ་ནིའི་རེ་འདོད་བསྐྱེད་མི་དེ་ འདེམས་ཁོངས་ཀྱི་མི་ཚུ་གིས་ ཁོང་གི་ཚོགས་པ་ལུ་ རྒྱབ་སྐྱོར་ལེགས་ཤོམ་སྦེ་ ཡོད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ཁོ་གིས་ སྲིད་དོན་ནང་མ་འཛུལ་བའི་ཧེ་མར་ ལོ་༧ སློབ་དཔོན་སྦེ་ ཕྱག་ཞུ་སྡོད་པའི་ཤུལ་ལུ་ ཚོང་ལས་ཅིག་འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འགོ་ཁྲིདཔ་དང་ རྒྱབ་སྐྱོར་པ་ཚུ་གིས་སླབ་མིའི་ནང་ ཁོང་ལུ་རྒྱབ་སྐྱོར་འབད་མི་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ལས་ ག་གིས་འཐུས་མི་སྦེ་བཙག་འཐུ་འགྲུབ་འོང་ག་ སླབ་མི་ཤེས་ཟེར་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ རྫོང་ཁག་ནང་འོང་སྟེ་ མི་ཚུ་དང་གཅིག་ཁར་ ཕྱད་པའི་ཤུལ་ལུ་ མི་མང་ཤོས་ཅིག་ སེམས་བསྒྱུར་ནུག་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment