གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་གསར་ཤོག་ཅིག་གིས་ མ་བདེན་པའི་གནས་ཚུལ་བཀོད་ཡོདཔ།

༢༡/༦/༢༠༡༣   ༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་བདུན་ཕྲག་ནང་ བིས་ནེསི་ ཨིསི་ཊེན་ཌརཌ་ཟེར་མི་ རྒྱ་གར་གྱི་གསར་ཤོག་ཅིག་གིས་ འབྲུག་དང་ རྒྱ་གར་གྱི་ གློག་མེ་ལས་འགུལ་གྱི་མཉམ་འབྲེལ་ནང་ མཐུན་ལམ་ལེགས་ཤོམ་མེདཔ་སྦེ་ བཀོད་མི་དེ་ལུ་ རྣམ་རྟོག་ལང་དགོཔ་ བྱུང་ཡི་ཟེར་ཨིན་པས།


དེ་ཡང་ ཨིང་ལིཤ་ཐོག་གི་ གསར་ཤོག་དེ་ནང་ གློག་ཤུགས་བསྡོམས་ མེ་ག་ཝཱཊ་༢,༠༥༠ འབད་མི་ བུ་ན་ཁ་དང་ ལྕམ་མཁར་ཆུ་ ཝང་ཆུ་དང་ ཁོ་ལོང་ཆུའི་ གློག་མེ་ལས་འགུལ་༤ པོ་དེ་ མ་རྩ་བགོ་བཤའི་ཐོག་ལས་ ལག་ལེན་འཐབ་ནི་ལུ་ འབྲུག་གིས་ ངོས་ལེན་འབད་མ་བཏུབ་པར་ ལུས་སོ་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
འབྲུག་གིས་ ངོས་ལེན་མ་འབད་མི་ གནད་དོན་གཙོ་བོ་ར་ མ་རྩ་ལངམ་སྦེ་ མེད་མི་ལུ་བརྟེན་ཨིན་མས་ཟེར་ བཀོད་ཡོདཔ་ད་ རྒྱ་གར་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ འབྲུག་གིས་ ལས་འགུལ་དེ་ཚུ་ མཉམ་འབྲེལ་ལས་འགུལ་སྦེ་ མ་རྩ་བགོ་བཤའི་ཐོག་ལག་ལེན་འཐབ་ནིའི་དོན་ལས་ འབྲུག་ལུ་ བརྒྱ་ཆ་༡༥ དེ་ཅིག་གི་ མ་རྩ་ར་ ལངམ་སྦེ་མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
གསར་ཤོག་དེ་ནང་བཀོད་མི་ གནས་ཚུལ་ལུ་བརྟེན་ འབྲུག་གི་ ཆེ་རིམ་འགོ་དཔོན་ཚུ་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་ རྣམ་རྟོག་ལང་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིན་འཛིན་གྱིས་ སླབ་མིའི་ནང་ གནས་ཚུལ་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གློག་མེ་ལས་འགུལ་ཚུ་ གཞུང་༢ ཀྱི་བར་ན་ གྲོས་འཆམ་ཐོག་ལས་ ལག་ལེན་འཐབ་ནི་དེ་གིས་ དེ་བཟུམ་མའི་ལོ་རྒྱུས་ཚུ་ ག་ནི་ཡང་མེད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༨ ལས་ མཉམ་འབྲེལ་སྡེ་ཚན་ཅིག་ གཞི་བཙུགས་ཐོག་ལས་ གཞུང་༢ ཀྱི་བར་ན་ གསུང་གྲོས་གནང་སྟེ་ ལས་འགུལ་ག་དང་ག་ གཞུང་འབྲེལ་ལམ་ལུགས་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་ན་དང་ ག་དང་ག་ མཉམ་འབྲེལ་ལས་འགུལ་སྦེ་ མ་རྩ་བགོ་བཤའི་ཐོག་ ལག་ལེན་འཐབ་ནི་ཨིན་ན་ཚུ་ གྲོས་འཆམ་བྱུང་སྟེ་ ཁ་གསལ་བཟོ་ཡོདཔ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་འབདཝ་ལས་ སྙན་ཞུ་ག་ནི་ཡང་མེད་པར་ ལས་འགུལ་༤ པོ་དེ་ མཉམ་འབྲེལ་ལས་འགུལ་སྦེ་ མ་རྩ་བགོ་བཤའ་ཐོག་ འབྲུག་གི་གློག་མེ་ཡུན་བརྟན་སྲིད་བྱུས་དང་འཁྲིལ་ ལག་ལེན་འཐབ་ནི་སྦེ་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ མ་རྩ་བགོ་བཤའ་ བརྒྱ་ཆ་༥༠ པོ་དེ་ རྒྱ་གར་གཞུང་གིས་ གྲོགས་རམ་འབད་ནི་གི་ ཁས་ལེན་འབད་ཡོདཔ་ལས་ མ་རྩ་མེད་པའི་ གནད་དོན་ཡང་མེད་ཟེར་ དྲགོས་ཚེ་དབང་རིན་འཛིན་གྱིས་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment