གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་རྫོང་ཁག་ སྤྱང་ཤོས་ཅིག་འབད་རུང་ འཕྲལ་མགྱོགས་གོང་འཕེལ་འགྱོ་ནི།

༢༨/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ གཞལམ་སྒང་ཏིང་ཏི་སྦིས་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ རྫོང་ཁག་གི་ རྒེད་འོག་ཚུ་ནང་ འགྲུལ་འཁོར་ལམ་དང་ གློག་མེའི་ཞབས་ཏོག་ཚུ་ རྫོང་ཁག་གཞན་ཚུ་དང་ འདྲན་འདྲ་མེད་མི་ལུ་བརྟེན་ རྫོང་ཁག་དེ་ སྤྱང་ཤོས་ཅིག་ཨིན་ཟེར་སླབ་ཅི།

ཀྲོང་རྒེད་འོག་ལྟེ་བའི་ནང་ བསྐུལ་བསྒྲགས་འགོ་འདྲེན་འཐབ་པའི་ཤུལ་ལས་ མི་ཚུ་ཐོན་འགྱོ་བའི་བསྒང་།

མ་གཞི་ རྒེད་འོག་ཚུ་ནང་ འདས་པའི་ལོ་ངོ་༥ གི་རིང་ མཐུན་རྐྱེན་ཚུ་ ཡར་དྲག་ཐོག་ ལྷོད་དགོཔ་ཨིན་རུང་ ཁག་འབགཔ་གི་ ཁ་ཐུག་ལས་ འཐུས་ཤོར་མི་ལུ་བརྟེན་ ལྷོད་མ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ འཕྲལ་མགྱོགས་ར་ ངང་ལམ་དང་ པཱན་སྦང་ས་གནས་ཚུ་ལས་ འཁོར་ལམ་ཚུ་ སེལ་བའི་བསྒང་ཡོདཔ་ལས་ ཏིང་ཏི་སྦིས་དེ་ འཁོར་ལམ་རྒྱ་གྲམ་སྦུག་ལུ་ཚུད་པའི་ ས་གནས་ཅིག་ལུ་ འགྱུར་འོང་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ད་ལས་ཕར་འབད་རུང་ གཞུང་དང་ མི་སེར་༢ ལགཔ་མཐུད་དེ་ རྒྱལ་ཁབ་གོང་འཕེལ་གཏང་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་སྡོད་མི་ མི་རློབས་དང་འཁྲིལ་ ས་གནས་ཚུ་ ཁྲོམ་ལུ་བསྒྱུར་བཅོས་འབད་ནི་ལུ་ ཤུགས་བཏོན་ནི་ཨིནམ་བཞིན་དུ་ དེ་ཚུ་གི་གྲས་ལས་༡ ཏིང་ཏི་སྦིས་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ ཏིང་ཏི་སྦིས་ལུ་ ག་ཅི་ཡང་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་རུང་ མ་འོངས་ལོ་༥ འི་ནང་འཁོད་ལུ་ ས་ཁོངས་དེ་ མཛེས་ཆ་དང་ལྡནམ་སྦེ་ ལེགས་བསྒྱུར་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡི།
འབྲུག་ཕུན་ཚུན་ཚོགས་པ་གིས་ འདས་པའི་གཞུང་སྐྱོང་གི་སྐབས་ སྨན་ཁང་རེ་རེའི་ནང་ ཌོག་ཊར་རེ་བཙུགས་ནིའི་ ཁས་བླངས་འབད་ཡོདཔ་ཨིན་རུང་ དེ་གྲུབ་མ་ཚུགས་མི་དེ་ཡང་ ཌོག་ཊར་ཚུ་ ག་ཏེ་འཚོལ་རུང་ འཚོལ་མ་འཐོབ་མི་ལུ་བརྟེན་ཨིན་ཟེར་ གཙོ་འཛིན་གྱིས་ དོགས་སེལ་འབད་ཡི།
ཨིན་རུང་ བར་མ་རྒྱལ་ཁབ་ནང་ལས་ ཌོག་ཊར་ལེ་ཤ་ཅིག་ར་ རྒྱལ་ཁབ་ནང་ ལེན་ཡོདཔ་མ་ཚད་ ད་རེས་ནངས་པར་ འབྲུག་པའི་སློབ་ཕྲུག་༣༠༠ དེ་ཅིག་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཌོག་ཊར་གྱི་ སློབ་སྦྱོང་འབད་དོ་ཡོདཔ་ལས་ མ་འོངས་ལོ་ངོ་༣ དང་༤ འི་བར་ན་ རྒྱལ་ཁབ་ཀྱི་ གསོ་བའི་མཐུན་རྐྱེན་ཚུ་ རྒྱ་ཆེ་དྲགས་སྦེ་ ཡར་དྲག་འགྱོ་འོང་ཟེར་སླབ་ཅི།
གསལ་བཤད་འབད་སྡོད་པའི་བར་ན་ མི་སེར་ལ་ལུ་ཅིག་ དབང་པོ་ངལ་ཡོདཔ་ལས་ གཙོ་འཛིན་གྱིས་ མི་སེར་ཚུ་ ཡར་ལོང་སྟེ་ ལགཔ་གནམ་ཁར་སེང་བཅུག་ཡོདཔ་ད་ ད་རུང་ འཕྲོ་མཐུད་དེ་ གསལ་བཤད་འབད་མིའི་ནང་ སྲིད་ཚོགས་གཞན་ཚུ་གིས་ བུ་ཊཱན་ལོ་ཊི་དེ་ ལོག་འགོ་བཙུགས་ནི་སྦེ་ སླབ་དོ་ཡོདཔ་ལས་ དེ་བཟུམ་མའི་ ཤོ་དང་ ཏ་ཟེ་རྩེ་ནིའི་ ལཱ་འབད་མི་དེ་ ལེགས་ཤོམ་མེན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ མི་དེ་ དྲང་བདེན་ཐོག་ ལཱ་འབད་མི་ཅིག་འབད་བ་ཅིན་ དེ་བཟུམ་མའི་ལཱ་དེ་ རྩ་ལས་ར་ མི་འབད་ཟེར་ཨིནམ་ད་ བུ་ཊཱན་ལོ་ཊིའི་སྐོར་ལས་ ལེགས་ཤོམ་སྦེ་ ལྟ་བ་ཅིན་ རྒྱ་གར་རྒྱལ་ཁབ་ནང་ ཚོང་འབྲེལ་དེ་ལུ་བརྟེན་ རང་སྲོག་རང་གིས་ བཅད་མི་ཡང་ ལེ་ཤ་ཅིག་ར་ ཐོན་ཏེ་ཡོད་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཉོ་ནིའི་ ཏི་རུ་ཡོད་ཟེར་ སླབ་དོ་ཡོདཔ་མི་དེ་ མི་བདེན་ཟེར་ཨིནམ་ད་ གཞུང་ལུ་ ལོ་བསྟར་གྱི་ ཁྲལ་བསྡུ་ལེན་འབད་མི་ ཏི་རུ་ཚུ་ རྐྱངམ་གཅིག་ལས་བརྒལ་མེདཔ་ལས་ ཐ་ན་ གོང་འཕེལ་གྱི་ ལས་སྣ་ཚུ་གི་དོན་ལུ་ཡང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ འཚོལ་དགོ་ཟེར་ཨིན་པས།
དེ་ལས་ བཙག་འཐུའི་སྐབས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ ནང་གསུག་བྱིན་མི་ཚུ་ཡང་ ལེ་ཤ་འཐོན་སྲིད་ནི་ཨིནམ་ལས་ དམ་ཉམས་ཀྱི་ཟས་དེ་ རྩ་ལས་ར་ ལེན་ནི་མི་འོང་ནི་དང་ གལ་སྲིད་ རང་ཁག་ཆེ་བའི་ གནད་དོན་དང་འཁྲིལ་ ལེན་དགོཔ་འཐོན་སོ་རུང་ ཚོགས་རྒྱན་དེ་ ཕྱི་འགྱུར་ཀྲིག་ཀྲི་སྦེ་ བཙུགས་དགོ་ཟེར་ གཙོ་འཛིན་གྱིས་ དྲན་གསོ་འབད་ཡི།
གལ་སྲིད་ འབྲུག་གི་བཙག་འཐུ་འདི་ ཧིང་སངས་ས་དང་ གཙང་ཏོག་ཏོ་སྦེ་ བཟོ་ཚུགས་པ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་ར་གིས་ རྒྱལ་ཁ་མི་ཐོབ་ཟེར་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ ླསླབ་ཅི།
དེ་འབདཝ་ད་ རྒྱལ་ཁ་དེ་ མི་སེར་གྱིས་ཐོབ་སྟེ་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ཞུ་མི་ གཞུང་ལེགས་ཤོམ་ ཐོབ་ཚུགས་ནི་དང་ ཚོགས་རྒྱན་དེ་ མི་སེར་ཁྱེད་ར་ཚུ་གི་ ནོརབུ་ཨིནམ་ལས་ ནོརབུ་དེ་ གཞན་ལུ་བཙོང་པ་ཅིན་ རང་སྤྱང་ཀ་ཐལ་ནི་ཨིནམ་ ཤེས་ར་ཤེས་དགོ་ཟེར་བའི་ དྲན་བསྐུལ་འབད་ཡི།
ཁ་ཙ་ ཏིང་ཏི་སྦིས་ལུ་ མ་འགྱོ་བའི་ཧེ་མ་ར་ གཞལམ་སྒང་ལས་ཕྲང་སྟེ་ བུ་ལི་ལུ་སོང་སྟེ་ དོ་ཁའི་མི་སེར་ཚུ་དང་ཕྱད་ཅི།
དེ་གི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཀྲོང་གསར་ལས་སྦེ་ གཞལམ་སྒང་ལུ་ འགྱོ་བའི་ལམ་ཁར་ གླང་མཐིལ་དང་ བ་གླིང་གཡུས་ཚན་ཚུ་ནང་ཡང་ བསྐུལ་བསྒྲགས་འབད་ཡོདཔ་ད་ དེ་བསྒང་ སོ་ནམ་བློན་པོ་བགྲེསཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ཡང་ གཙོ་འཛིན་གི་ཕྱག་ཞུ་སྟེ་ བ་གླིང་ལུ་ སོ་ནམ་གྱི་ཁོངས་ལས་ འཆར་གཞི་དང་ ཁས་བླངས་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡི།
གླང་མཐིལ་གྱི་ མི་སེར་ཚུ་དང་ཕྱདཔ་ད་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ས་གནས་དེ་ཁའི་མི་སེར་ མང་ཤོས་ཅིག་ར་ ས་ཆ་མཐུན་མོང་བཟའ་སྤྱོད་འབད་མི་ཨིནམ་ལས་ མི་སེར་ཚུ་ལུ་ ས་ཆ་མ་ལང་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ སའི་བཅའ་ཁྲིས་༢༠༠༧ ཅན་མ་ བསྒྱུར་བཅོས་འབད་དེ་ ས་ཆ་མེད་མི་ མི་སེར་ཚུ་ལུ་ སའི་སྐྱིད་སྡུག་ཐོབ་ཐངས་དང་ ས་ཐེབས་ཡོད་མི་ཚུ་ བཟའ་སྤྱོད་འབད་ཐངས་ཚུ་ གསལ་ཏོག་ཏོ་སྦེ་བཟོ་ནིའི་ འཆར་གཞི་ཡོད་པའི་སྐོར་ གསལ་བཤད་འབད་ཡི།
བློན་ཆེན་བགྲེསཔ་གིས་ ཀྲོང་གསར་དང་ གཞལམ་སྒང་ལུ་ བསྐུལ་བསྒྲགས་ཚུ་ བུམ་ཐང་པའི་ ཁ་སྐད་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ བུམ་ཐང་རྫོང་ཁག་གི་ ས་གནས་ཚུ་ནང་ བསྐུལ་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment