གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ར་ལྡི་-སག་སྟེང་འདེམས་ངོ་གིས་ གདམ་ངོའི་ཡིག་ཆ་ མ་བཙུགས་པར་ཡོདཔ།

༡༩/༦/༢༠༡༣   ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
༉ བཀྲིས་སྒང་ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གསརཔ་ འཇིགས་མེད་དབང་ཕྱུག་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཁོ་རའི་ གདམ་ངོའི་ཡིག་ཆ་བཙུགས་ནི་གི་ ཞག་གྲངས་དག་པ་ཅིག་ཡོད་རུང་ ཁོ་གི་ དོ་འགྲན་པ་གིས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།


བྱོན་ལ་ལས་ཨིན་མི་ འཇིགས་མེད་དབང་ཕྱུག་དེ་ སྤྱི་ཟླ་༦ པའི་༡༢ ལུ་ གདམ་ངོའི་ཡིག་ཆ་ཚུ་ ནན་ཞིབ་འབདཝ་ད་ ཆ་མེད་སོང་མི་ འབྲུག་ཕུན་སུམ་ཚོགས་པའི་ ཧེ་མའི་འདེམས་ངོ་ འཇིགས་མེད་ཚུལ་ཁྲིམས་ཀྱི་ ཚབ་མ་སྦེ་ བཙུགས་ཡོདཔ་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ལུ་ འགོ་ཐོག་བཙག་འཐུའི་སྐབས་ དུས་མཐུན་གྱི་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ཁོ་གི་ བརྡ་དོན་ཡོངས་འབྲེལ་གྱི་ ཉོགས་མེད་ལག་ཁྱེར་དེ་ རྣམ་རྟོག་ལང་སི་སི་སྦེ་ ཆ་མེད་བཏང་མི་ལུ་བརྟེན་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མེདཔ་ཡར་སོཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༥ ལུ་ འགོ་ཐོག་བཙག་འཐུའི་དོན་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་འཇིགས་མེད་ཚུལ་ཁྲིམས་ཀྱི་ ལྷན་ཐབས་སྦེ་ ཨམ་སྲུ་ཅིག་ གདམ་ངོ་སྦེ་ བཙུགས་ཡོད་རུང་ མོ་ར་ སྲིད་ཚོགས་དེ་ནང་ ཐོ་བཀོད་འབད་འབདཝ་མེདཔ་ལས་ ངོས་ལེན་གྲུབ་མ་ཚུགས་པའི་ཤུལ་ལུ་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་བགྲེསཔ་དེ་ ཚོགས་པའི་འདེམས་ངོ་གསརཔ་སྦེ་ བཙུགས་ཡོདཔ་ཨིན་པས།
ཨིན་རུང་ འདེམས་ངོ་གསརཔ་གིས་ ར་ལྡི་ལུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ ཁོ་གི་ གདམ་ངོའི་ཡིག་ཆ་མ་བཙུགས་པར་ཡོདཔ་ད་ འདེམས་ངོ་དེ་ ཐིམ་ཕུ་ལས་ བཀྲིས་སྒང་ལུ་ འོང་པའི་བསྒང་ཨིནམ་བཟུམ་འདུག་ཟེར་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ བཀྲིས་སྒང་ལུ་ ད་རིས་ལྷོད་ནི་ཨིནམ་ལས་ གདམ་ངོའི་ཡིག་ཆ་ཚུ་ ད་རིས་དང་ ཡང་ཅིན་ ནངས་པ་འབད་རུང་ བཙུགས་འོང་ཟེར་ཨིན་པས།
འདེམས་ངོ་དེ་ གཏན་འཁེལ་འགྱོ་མི་འགྱོ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ གདམ་ངོའི་ཡིག་ཆ་ཚུ་ ངོས་ལེན་འབད་ཞིནམ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་ཨིནམ་ད་ ཁོ་གི་ གདམ་ངོའི་ཡིག་ཆ་ཚུ་ ནན་ཞིབ་འབད་མ་ཚར་ཚུན་ འདེམས་ངོ་གཏན་འཁེལ་ཨིནམ་ སླབ་མི་ཚུགས་ཟེར་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༡ དེ་ གདམ་ངོའི་ཡིག་ཆ་བཙུགས་ནི་གི་ ཚེས་གྲངས་མཇུག་ཨིནམ་ད་ གལ་སྲིད་ འདེམས་ངོ་དེ་ཡང་ ཆ་མེད་འགྱོ་བ་ཅིན་ ག་དེ་སྦེ་འབད་འོང་ག་ཟེར་ དྲི་མའི་ལན་ལུ་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ སྲིད་ཚོགས་ཀྱིས་ བྱ་སྒོའི་ལམ་ལུགས་དང་འཁྲིལ་དགོ་ཟེར་ཨིན་པས།
ཨིན་རུང་ ཧེ་མ་ ཁོ་ར་ སྲིད་ཚོགས་གཞན་གྱི་ ཐོ་བཀོད་གྲུབ་པའི་ འདེམས་ངོ་ཅིག་འབདཝ་ལས་ ཆ་མེད་མི་འགྱོ་འོང་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ལུ་ ཁྲིམས་མཐུན་ཡིག་ཆ་ག་ར་ཚངམ་སྦེ་ཡོདཔ་ལས་ གདམ་ངོ་ཆ་མེད་འགྱོ་ནི་གི་ ཚ་གྱང་མེད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ ཁྱིམ་སྒོ་བཤལ་ཐོག་ལས་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ འཇིགས་མེད་དབང་ཕྱུག་གི་ བསྐུལ་བསྒྲགས་འགོ་མ་བཙུགས་པར་ཡོད་རུང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ ཚ་གྱང་མེདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ན་གཞོན་ཉམ་ཆུང་ལུ་ གོ་སྐབས་བྱིན་མི་དེ་གིས་ ཕྱུགཔོ་རྐྱངམ་གཅིག་ལུ་མིན་པར་ མི་སེར་ཉམ་ཆུང་ཚུ་ཡང་ གོ་སྐབས་འདྲ་མཉམ་ཡོད་པའི་ བརྡ་མཚོན་སྟོནམ་བཞིན་དུ་ རྒྱབ་སྐྱོར་པ་ཚུ་ཡང་ འདེམས་ངོ་གསརཔ་ལུ་ལྟ་སྟེ་ སེམས་དགའ་ཡི་ཟེར་ འདེམས་ཁོངས་འགོ་འདྲེན་པ་ བསམ་གྲུབ་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་ལུ་ འདེམས་ངོའི་དཀའ་ངལ་ཐོན་ཡོད་རུང་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ ཚོགས་པའི་རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་ཟེར་ཨིན་པས།
མེ་རག་ལས་ ཚོགས་པའི་རྒྱབ་སྐྱོར་པ་ བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ བསྐུལ་བསྒྲགས་འགོ་བཙུགས་ཡོད་རུང་ རྒྱབ་སྐྱོར་པ་ཚུ་ལུ་ ཚ་གྱང་ལང་དགོཔ་དང་ སྣང་དག་བསྐྱེད་དགོཔ་ཅིག་ མེད་ཟེར་ཨིན་པས།
སྲིད་ཚོགས་གཞན་གྱིས་ ནང་གསུག་རྐྱབ་སྟེ་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ན་མ་གཏོགས་ དེ་མིན་ ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ག་ཅི་ཡང་ འབད་མི་ཚུགས་ཟེར་ བཀྲིས་དབང་འདུས་ཀྱིས་ སླབ་ཨིན་པས།
དེ་བཟུམ་མའི་ ནང་གསུག་སྤྲོད་ལེན་ཚུ་འབད་རུང་ ང་བཅས་ཀྱི་ རྒྱབ་སྐྱོར་པ་ཚུ་གི་ ཡོངས་འབྲེལ་ཐོག་ལས་ འཇམ་ཏོང་ཏོ་སྦེ་ ཤེས་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
སྲིད་ཚོགས་གཞན་གྱིས་ ཚོགས་རྒྱན་ཉོ་ནིའི་དོན་ལུ་ ནང་གསུག་དང་འབྲེལ་བའི་ ལཱ་བྱ་མི་འཐབ་ག་ཟེར་ ང་བཅས་ལུ་ ཚ་གྱང་ཡོད་ཟེར་ མེ་རག་ལས་ ཚོགས་པའི་རྒྱབ་སྐྱོར་པ་ བློ་བཟང་བཀྲིས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment