གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་གྲོང་ཁྱེར་ས་ཁོངས་ནང་ བློན་པོ་བགྲེསཔ་ཚུ་ལུ་ ས་ཆ་མེདཔ།


ས་ཆ་དེ་ ཤེས་རིག་གྲོང་ཁྱེར་གྱི་དོན་ལུ་ རང་དབང་ཐོག་ ལཱ་འབད་མི་ རྒྱལ་གཞུང་ཤེས་རིག་བཀོད་ཚོགས་ཀྱིས་ དམངས་གཙོའི་གཞུང་དབུ་འཛུགས་མ་འབད་བའི་ཧེ་མར་ གནས་སྐབས་གཞུང་གི་སྐབས་ ངོས་འཛིན་འབད་འབདཝ་མ་གཏོགས་ འབྲུག་ཕུན་སུམ་ཚོགས་པ་གིས་ འབད་འབདཝ་མེན་ཟེར་ དོགས་སེལ་འབདཝ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་ཞལ་འཛོམས་ནང་
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་
དོགས་སེལ་འབད་བའི་བསྒང་།
 ༉ ཐིམ་ཕུ་ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་ཡོད་པའི་སྐོར་ ཁ་ཉེས་བཀལ་ཡོད་མི་ལུ་བརྟེན་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དོགས་སེལ་འབད་ཡི།

ཁོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ མ་བདེན་པའི་ མ་ཉེས་ཁ་གཡོགས་བཀལ་དགོ་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་ ཡན་ལག་ལས་སྡེ་ འབྲུག་གི་གསར་ཤོག་གམ་ དཱ་བུཊ་ནིསི་དང་ བུ་ཊཱན་ནོ་མིགསི་༢ ཀྱིས་ རྫུན་གཏམ་བཤད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།


ད་རེས་ མི་སེར་དམངས་གཙོ་ཚོགས་པའི་ ཡན་ལག་ལས་སྡེ་༢ ཀྱིས་ རྫུན་བཤད་ཀྱི་ ལཱ་འབད་དོ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་བཞིན་དུ་ ཁོང་གིས་ འགོ་ཐོག་སྐབས་ ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་ས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་འདུག་ཟེར་ གསལ་བཀོད་འབད་ཡོད་རུང་ དེ་འཕྲོ་ལས་ བསྒྱུར་བཅོས་འབད་དེ་ ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་ས་ཁོངས་ཀྱི་ ཉེ་འདབས་ལུ་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ཤེས་རིག་གྲོང་ཁྱེར་གྱི་ ཉེ་འདབས་ལུ་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་འདུག་ཟེར་ སླབ་པ་ཅིན་ ཐིམ་ཕུ་དང་ སི་སི་ན་ སེམས་རྟོག་ཁ་ སྤ་རོ་རྫོང་ཁག་ཚུ་ ས་ཁོངས་དེ་གི་ ཉེ་འདབས་ལུ་འབདཝ་ལས་ དེ་ཚུ་ཡང་ ཚུད་འོང་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ འབད་བ་ལུ་བརྟེན་ བཀྲིས་སྒང་རྫོང་ཁག་ཡང་ ས་གནས་དེ་གི་ ཉེ་འདབས་ལུ་སྦེ་ར་ བརྩི་འཇོག་འབད་དགོ་ཟེར་བཤད་ཅི།


བློན་ཆེན་བགྲེསཔ་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་གྱི་ ས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་ཨེ་ཀར་༧༠ འདུག་ཟེར་ སླབ་མི་དང་པ་དེ་ འབྲུག་མཉམ་རུབ་ཚོགས་པའི་ འཇིགས་མེད་བཟང་པོ་ཨིནམ་ད་ ཁོ་གིས་ དེ་བཟུམ་མའི་ གནད་སྡུད་ཚུ་ ག་ཏེ་ལས་ཐོབ་ཐོབ་ཨིན་ན་ མ་ཤེས་ཟེར་ཨིན་པས།


དེ་དང་འཁྲིལ་ འཕྲལ་ཁམས་ཅིག་ཁར་ སྤ་རོ་ལུ་ ཤེས་རིག་གྲོང་ཁྱེར་བཟོ་སྐྲུན་ས་ཁོངས་ནང་ ང་ར་གིས་གཙོས་པའི་ བློན་པོ་བགྲེསཔ་ཚུ་གི་ ས་ཆ་མེདཔ་ལས་ གལ་སྲིད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་སོང་སྟེ་ དབྱེ་ཞིབ་འབད་དེ་ ང་བཅས་ལུ་ ས་ཆ་ཡོདཔ་མཐོང་པ་ཅིན་ ས་ཆ་དེ་ སྤ་རོ་བར་སྐོར་ཚོ་དྲུག་གི་ མི་སེར་ཚུ་ལུ་ སྤྲོད་ནི་ཟེར་ སླབ་ཅི་ཟེར་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ སླབ་ཨིན་པས།


མ་གཞི་ མནོ་བསམ་ལེགས་ཤོམ་སྦེ་ བཏང་ལྟ་བ་ཅིན་ ས་ཁོངས་དེ་ནང་ བློན་པོ་བགྲེསཔ་ཡེ་ཤེས་སྦྱིན་པ་དང་འདྲ་བའི་ མི་གཞན་ག་གི་ས་ཆ་ཡོད་རུང་ གནོད་དགོཔ་ག་ཅི་འདུག་ཟེར་ བརྡ་བརྒྱུདཔ་ཚུ་ལུ་ དྲི་བ་བཀོད་ཅི།


དེ་བཟུམ་མའི་ ལྟེ་བ་གཞི་བཙུགས་ཀྱི་དོན་ལུ་ ས་ཆ་རྒྱ་ཚད་ཨེ་ཀར་༡,༠༠༠ དགོས་མཁོ་ཡོདཔ་ད་ ས་ཆ་དེ་ཡང་ སྤ་རོ་རྒྱལ་སྤྱི་གནམ་ཐང་དང་  ཐིམ་ཕུ་ཁྲོམ་གྱི་ ཉེ་འདབས་ལུ་ དགོཔ་བཞིན་དུ་ ཐིམ་ཕུ་དང་ སྤ་རོའི་བར་ན་ར་ གཞི་བཙུགས་འབད་དགོཔ་ གལ་ཆེཝ་ཐོན་སོ་ཡི་ཟེར་ གཙོ་འཛིན་གྱིས་ བཤད་ཅི།


ཤེས་རིག་གྲོང་ཁྱེར་དེ་ ས་ཁོངས་དེ་ནང་ གཞི་བཙུགས་མ་འབད་བར་ ས་ཆ་ཨེ་ཀར་༡,༠༠༠ རེ་འབད་བའི་ ས་ཆ་དང་ ཡང་ཅིན་ མི་སེར་དང་ བཟའ་སྤྱོད་འབད་བའི་ ས་ཆ་ཚུ་ལུ་ མ་གནོད་པའི་ ས་གནས་གཞན་ ག་ཏེ་འདུག་ཟེར་ཨིན་པས།


ད་རེས་ཀྱི་ ས་ཁོངས་དེ་ནང་ མི་སེར་གྱི་ སྡོད་ཁྱིམ་དང་ ས་ཞིང་ཚུ་ཡང་ མེད་པའི་གུ་ ཤིང་རྒྱ་ཆེཝ་སྦེ་ མེད་པའི་ཁར་ ས་ཆའི་ཆགས་ཚུལ་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ཡོད་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པས།
དེ་མ་ཚད་ གན་རྒྱ་དང་འཁྲིལཝ་ད་ ཤེས་རིག་གྲོང་ཁྱེར་གྱི་ ས་ཆ་ཨེ་ཀར་༡,༠༠༠ ལས་༥༠༠ སྔོ་ལྗངས་དང་ལྡནམ་ བཞག་དགོཔ་སྦེ་ཡོདཔ་ལས་ ད་ལྟོ་ཡོད་པའི་ཤིང་ཚུ་ ཧ་ལམ་ག་ར་ དེ་སྦེ་ར་ སྡོད་འོང་ཟེར་ གཙོ་འཛིན་གྱིས་ བཤད་ཅི།


མ་གཞི་ ས་ཁོངས་དེ་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་ཆགས་ཏེ་ཡོདཔ་ཨིན་རུང་ ཤུལ་ལས་ ཆུའི་རྐ་ཚུ་ སྐམ་སོང་མི་ལུ་བརྟེན་ མི་ཚུ་ཡང་ སྤོ་བཤུད་འབད་སོང་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ཡང་ ས་ཁོངས་དེ་ནང་ མི་སྡོད་ནི་ལུ་ འོས་འབབ་མེད་ཟེར་ བཤདཔ་ཨིན་པས།


ས་ཆ་དེ་ ཤེས་རིག་གྲོང་ཁྱེར་གྱི་དོན་ལུ་ རང་དབང་ཐོག་ ལཱ་འབད་མི་ རྒྱལ་གཞུང་ཤེས་རིག་བཀོད་ཚོགས་ཀྱིས་ དམངས་གཙོའི་གཞུང་དབུ་འཛུགས་མ་འབད་བའི་ཧེ་མར་ གནས་སྐབས་གཞུང་གི་སྐབས་ ངོས་འཛིན་འབད་འབདཝ་མ་གཏོགས་ ང་ར་དང་ བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གིས་འབད་འབདཝ་ རྩ་ལས་ར་མེན་ཟེར་ བློན་ཆེན་བགྲེསཔ་གིས་ དོགས་སེལ་འབད་ཡོདཔ་ད་ དེ་བསྒང་ ཁོ་ར་ཡང་ ལྷན་རྒྱས་གཞུང་ཚོགས་ནང་མེད་ཟེར་ སླབ་ཨིན་པས།


དེ་སྦེ་ ཕྱི་མི་ཚུ་གིས་ ཤེས་རིག་གྲོང་ཁྱེར་དེ་ འབྲུག་ལུ་ རྐྱབ་ནི་སྦེ་ གྲོས་ཐག་བཅད་མི་དེ་ཡང་ གཙོ་བོ་ར་ འབྲུག་རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་དང་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ འབྲུག་པའི་སྔར་སྲོལ་ལམ་ལུགས་བཟང་པོ་སྦེ་ བདག་འཛིན་འཐབ་མི་དང་ གཞུང་སྐྱོང་ལེགས་ལྡན་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ས་ཁོངས་ཅིག་ འབད་བ་ལུ་བརྟེན་ཨིན་ཟེར་ སྲིད་ཚོགས་ཀྱི་ གཙོ་འཛིན་གྱིས་ སླབ་ཨིན་པས།


ཤེས་རིག་གྲོང་ཁྱེར་ལུ་བརྟེན་ འབྲུག་མི་སྟོང་ཕྲག་༤༠ དེ་ཅིག་ལུ་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ འཐོབ་ནི་ཨིནམ་ལས་ བྱ་སྟབས་མ་བདེ་བའི་ གནད་དོན་བཟོ་དགོ་པའི་ དོན་དག་ཅིག་ མི་མཐོང་པས་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ སླབ་ཨིན་པའི་གནས་ཚུལ། 


ཉི་མ་དབང་འདུས།

No comments:

Post a Comment