གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞི་བདེ་དང་གོང་འཕེལ་ མཐུན་འབྲེལ་བཟོ་ཚུགས་མི་དེ་ མིག་གིས་མ་མཐོང་མི་ གྲུབ་འབྲས་སྦོམ་ཤོས།

༢༡/༦/༢༠༡༣   ༉ ཁྱེད་ཆ་ཁྱབ་ཀྱིས་ འདས་པའི་ལོ་༥ འི་ཧེ་མར་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ག་ཅི་ར་ བྱིན་ནི་ཨིན་ན་ཚུ་ སེམས་ཁར་དྲན་མས་ག?
དེ་ཡང་ འདྲ་མཉམ་གྱི་ཐོག་ལས་ གོང་འཕེལ་གཏང་ནིའི་དོན་ལུ་ རྒེད་འོག་ལྟེ་བ་ཚུན་ སྣུམ་འཁོར་ལམ་དང་ ས་གནས་ཐདམ་ཐད་ཁ་ལས་ཕར་ འགྲུལ་འཕྲིན་གྱི་སྦྲེལ་མཐུད་ གློག་མེ་ འཐུང་ཆུ་ ཨ་ལུ་ཚུ་ ཕུད་རྡོག་གཅིག་ཡང་བཀོག་མ་བཞག་པར་ སློབ་གྲྭ་ཚུ་ནང་བཙུགས་ནི་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་ གཡུས་སྒོ་ཚུ་ནང་ སོ་ནམ་དང་ སྒོ་ནོར་ཚོགས་པ་བཟོ་སྟེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཚུ་ ཨིན་ཟེར་ཨིན་པས།

དགེ་ལེགས་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱི བསྐུལ་བསྒྲགས་ཉན་མི་ཚུ།


ད་རེས་ དེ་ཚུ་ ཆ་མཉམ་གྲུབ་ཡོདཔ་ ག་གིས་ཡང་ མཐོང་སར་ཨིན་ཟེར་ ཁ་ཙ་ དགེ་ལེགས་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ སྤྱི་དོན་ཁང་ནང་སྦེ་ དགེ་ལེགས་ཕུག་འདེམས་ཁོངས་འོག་གི་ མི་༦༠༠ ལྷགཔ་ཅིག་འཛོམས་མི་ཚུ་ལུ་ གསལ་བཤད་འབད་ཡི།
གསལ་བཤད་ཉན་ནིའི་དོན་ལུ་ ས་ཐག་རིང་ཤོས་ཅིག་ཨིན་མི་ དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༤༠ ལྷགཔ་ཅིག་གི་ས་ཁར་ཡོད་མི་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ལས་ཡང་ མི་སེར་རྒྱ་ལས་བཅད་མི་ཚུ་གིས་ སྣུམ་འཁོར་ཊཱག་དང་ ཌི་སི་ཨེམ་༢ གླ་ཁར་ལེན་ཏེ་ འོང་ཡོདཔ་ད་ ཁོང་གིས་ སྲིད་འཛིན་གྱི་གསལ་བཤད་ལུ་ སེམས་དྲན་པ་བཏོན་ཏེ་ ཉན་ཡོདཔ་ཨིན།
ཁྱེད་ཆ་ཁྱབ་ཀྱིས་ རྣམ་ཅོག་རྐྱངམ་གཅིག་ཉན་ནི་མེན་པར་ སེམས་ཀྱི་གདིང་ལས་ཉན་ཞིནམ་ལས་ བརྟག་ཤིང་ལེགས་ཤོམ་སྦེ་དཔྱད་དེ་ ཚོགས་རྒྱན་བཙུགས་གནང་ཟེར་ གཙོ་འཛིན་གྱིས་ རྫོང་ཁག་གཞན་ཚུ་ནང་ སླབ་དོ་བཟུམ་སྦེ་ ལོག་སྟེ་ར་ ནན་བསྐུལ་འབད་ཡོདཔ་ཨིན།
གཙོ་འཛིན་གྱིས་ སོ་ནམ་ཞིང་ལམ་ཚུ་ རྒེད་འོག་ལྟེ་བ་ཚུན་ རྩི་ནག་གཏང་ནི་དང་ མི་སེར་སོ་ནམ་པའི་སྡེ་ཚན་ཚུ་ལུ་ འཕྲུལ་གླང་ཚུ་ སྐྱེད་མར་ཕབ་ཀྱི་ བུ་ལོན་ཐོག་ བཀྲམ་སྤེལ་འབད་ནི་ དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༡༢ ཡོད་མི་དེ་ ད་ལྟོ་བརྒྱ་ཆ་༥ གུ་ མར་ཕབ་རྐྱབ་མི་དེ་ སྤྱི་ལོ་༢༠༢༠ ལས་ ཀླད་ཀོར་ལུ་ བཟོ་ནི་ལ་སོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ འབད་བའི་ཤུལ་ལུ་ ཞི་གཡོག་པའི་ དངུལ་ཕོགས་ཡར་སེང་གཏང་ནི་དང་གཅིག་ཁར་ རྒྱལ་ཡོངས་ལས་མིའི་ དངུལ་ཕོགས་དང་ ཐོབ་ལམ་ཚུ་ ཡར་དྲག་གཏང་ནིའི་ ཁས་བླངས་ཚུ་འབད་ཡོདཔ་ཨིན།
རྒྱལ་ཡོངས་ལས་མིའི་ དངུལ་ཕོགས་ཡར་སེང་འབད་ནི་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་རིམ་དང་པ་ཨིནམ་ད་ ད་རེས་ འབྲུག་མི་དང་ ཕྱི་མི་ཚུ་ བདེ་ཏོག་ཏོ་སྦེ་ རྒྱལ་ཁབ་ནང་ སྣུམ་འཁོར་བདའ་ནི་ཡོད་མི་དེ་ རྒྱལ་ཡོངས་ལས་མིའི་ཞབས་ཏོག་ལུ་བརྟེན་ཨིནམ་ལས་ དངུལ་ཕོགས་དང་ཐོབ་ལམ་ ཡར་སེང་གཏང་དགོཔ་ངེས་བདེན་ཨིན་ཟེར་ གཙོ་འཛིན་གྱིས་ གསར་སྤང་གི་ མི་སེར་ཚུ་ལུ་ སླབ་ཡོདཔ་ཨིན།
ད་རུང་ ཚོགས་པའི་གཞི་རྩ་ཅིག་ བསྟན་པའི་ཞབས་ཏོག་ཞུ་ནི་དེ་ཨིནམ་བཞིན་དུ་ རྒེད་འོག་རེ་ནང་ ལྷ་ཁང་རེ་ཡོདཔ་བཟོ་ནི་ཨིན་ཟེར་ཨིན་པས།
ཆོས་ལུགས་དེ་ ནང་པ་དང་ ཧིན་དུ་ག་ཅི་ར་འབད་རུང་ རྒེད་འོག་རེ་ནང་ ལྷ་ཁང་རེ་ཡོདཔ་བཟོ་ནི་ཨིནམ་ད་ དེ་ཡང་ སྔོན་གོང་ལས་ཡོད་པའི་ སྔར་སྲོལ་ལམ་ལུགས་ བདག་འཛིན་འཐབ་ནི་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་ཅིག་ཡང་ ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཆོས་ལུགས་སོ་སོ་འབད་མི་ཚུ་ལུ་ཡང་ རང་སོའི་འགྲོ་བ་མིའི་དབང་ཆ་ཨིནམ་ལས་ དེ་ལུ་ གུས་ཞབས་འབད་འོང་ཟེར་ཨིན་པས།
གཙོ་འཛིན་གྱིས་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ ལྷགཔ་ཅིག་གི་རིང་ གསལ་བཤད་གནང་མིའི་ནང་ ང་བཅས་རའི་རྒྱལ་ཁབ་འདི་ རང་དགོ་རང་འདྲོང་བཟོ་ནི་དང་ རྒྱལ་ཁབ་ཀྱི་རང་བཙན་ དེ་ལས་ ཞི་བདེ་འགྲུབ་ནི་ལུ་ གཙོ་རིམ་བཟུང་ནི་དང་གཅིག་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོ་༥ འི་གནས་ཡུན་ནང་ གྲུབ་འབྲས་སྦོམ་ཤོས་ མིག་གིས་མ་མཐོང་མི་གཅིགཔོ་དེ་ རྒྱལ་ཁབ་ནང་ ཞི་བདེ་དང་གོང་འཕེལ་ དེ་ལས་ མཐུན་འབྲེལ་བཟོ་ཚུགས་མི་དེ་ཨིན་ཟེར་ སླབ་ཨིན་པས།
ཁ་ཙ་ཉིན་མ་ གཙོ་འཛིན་གྱིས་ གཤོམ་སྤང་ཁ་འདེམས་ཁོངས་ཀྱི་དོན་ལུ་ གསར་སྤང་འབྲུག་ཟ་སྤྱོད་ལས་འཛིན་གྱི་ ས་ཁོངས་ནང་ འདེམས་ཁོངས་འོག་གི་མི་སེར་༥༠༠ མ་ལངམ་ཅིག་ལུ་ བསྐུལ་བསྒྲགས་འབད་ཡོད་ཨིན་རུང་ གསལ་བཤད་འབད་ནིའི་དོན་ལུ་ གནད་དོན་ཚུ་སོ་སོ་ཅིག་ མེདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment