གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་མི་སེར་གྱིས་ ལྟ་ཞིབ་ལེགས་ལྡན་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་བསམ་འཆར།

༢༦/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ ལགཔ་རྩ་གཡུས་ཚན་ལས་ སྐྱེས་ལོ་༢༨ ལང་མི་ སངས་རྒྱས་དབང་མོ་དང་ སྐྱེས་ལོ་༢༤ ལང་མི་ བདེ་ཆེན་དབྱངས་ཅན་གྱིས་ མོང་སྒར་ཁྲོམ་ཁར་ ཚོད་བསྲེ་བཙོང་པར་འོང་བའི་སྐབས་ འཕྲལ་འཕྲལ་ར་ ཚོད་བསྲེ་ཚུ་ ཁ་རྗེ་དང་འཁྲིལ་ མོང་སྒར་ཁྲོམ་ཁ་འགྱོ་མ་དགོ་པར་ སྐྱིད་བདེ་ཁ་ལུ་ལྷོདཔ་ད་ ཉོ་མི་འོང་དོ་ཡོདཔ་ཨིན་པས།
ཀརྨ་ལྷ་མོ་གིས་ཚོད་བསྲེ་བཙོང་མི་ ཨམ་སྲུ་༢ དང་ཕྱད་པའི་བསྒང་།


དེ་ཡང་ ཁོང་༢ ཀྱིས་ གཡུས་ཁ་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ ཚོད་བསྲེ་ཀེ་ཇི་༥༠ དེ་རེ་ སྒལ་ཏོ་ཁར་ འབག་འོངམ་ད་ འུ་སྡུག་སྟེ་ མོང་སྒར་ཁྲོམ་ཁ་མ་ལྷོད་པའི་ སྐྱིད་བདེ་ཁའི་ གཞུང་ལམ་གྱི་ཟུར་ཁར་ ངལ་འཚོ་སྡོད་པའི་སྐབས་ལུ་ ཚོད་བསྲེ་ཉོ་མི་ ཐོན་དོ་ཡོདཔ་ཨིན་པས།
ཁ་ཙ་ ཉིན་མ་ཡང་ ཁོང་༢ ཀྱི་གདོང་ཁར་ སྣུམ་འཁོར་ བཱོ་ལི་རོ་དཀརཔོ་བདའ་མི་ཅིག་འོང་ཡོདཔ་ལས་ ཁོང་༢ ཀྱི་ རེ་བ་ལས་འབད་བ་ཅིན་ ཚོད་བསྲེ་ཉོ་མི་འོང་ནུག་ཟེར་ སེམས་དགའ་ཡོད་རུང་ ལེགས་ཤོམ་སྦེ་ ལྟ་བའི་བསྒང་ལས་ སྣུམ་འཁོར་ནང་ལས་ ཧེ་མའི་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ ཀརྨ་ལྷ་མོ་ཐོན་སར་མཐོངམ་ལས་ མོ་གིས་ སྒོ་བཤལ་རྐྱབ་སྟེ་ ཁས་བླངས་གསལ་བསྒྲགས་འབད་ནི་ འགོ་བཙུགས་ཡོད་ནི་དེ་གིས་ཨིན་པས།
མོ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ མོང་སྒར་འདེམས་ཁོངས་ཀྱི་ མོང་སྒར་རྒེད་འོག་དང་ འབྲས་སྤུངས་རྒེད་འོག་༢ ནང་ལས་ ཕམ་ཡོདཔ་ད་ དེ་ཡང་ མོང་སྒར་ལས་ འཇིགས་མེད་བཟང་པོ་གིས་ ཚོགས་རྒྱན་༧༡༢ དང་ མོ་གིས་ ཚོགས་རྒྱན་༣༤༩ དེ་ལས་ འབྲས་སྤུངས་རྒེད་འོག་ལས་ འཇིགས་མེད་བཟང་པོ་གིས་ ཚོགས་རྒྱན་༤༢༠ དང་ མོ་གིས་ ཚོགས་རྒྱན་༡༥༠ ཐོབ་ཡོདཔ་ལས་ ད་རེས་ རྒེད་འོག་ཚུ་ནང་ དུས་ཚོད་མང་སུ་ཅིག་ལེན་དོ་ཡོདཔ་ཨིན་པས།
མོང་སྒར་རྒེད་འོག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢༡༡ ཐོབ་ཡོདཔ་ད་ འབྲས་སྤུངས་རྒེད་འོག་ལས་ ཚོགས་རྒྱན་༣༥ ཐོབ་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ གལ་སྲིད་ ཧེ་མ་ཕམ་མི་ སྲིད་ཚོགས་༢ ཀྱི་རྒྱབ་སྐྱོར་པ་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ཕམ་ནིའི་ཉེན་ཁ་ཡོདཔ་ཨིན་པས།
གཞུང་ལམ་གྱི་ ཟུར་ཁར་སྡོད་མི་ ཚོད་བསྲེ་བཙོང་མི་༢ ལུ་ འདེམས་ངོ་ཀརྨ་ལྷ་མོ་གིས་ མོ་རའི་ཁས་བླངས་གསལ་བསྒྲགས་དག་པ་ཅིག་ སླབ་ཚར་བའི་ཤུལ་ལུ་ མོ་ལུ་ ཧེ་མ་ཡང་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་ཡོདཔ་ལས་ ད་ལས་ཕར་འབད་རུང་ ཧེ་མ་བཟུམ་སྦེ་ར་ རྒྱབ་སྐྱོར་གནང་དགོ་ཟེར་ སླབ་པའི་སྐབས་ལུ་ ཁོང་༢ ཀྱིས་ཡང་ བཏུབ་ཟེར་བའི་ བརྡ་མཚོན་ལུ་ མགུ་ཏོ་གཡུགཔ་ཨིན་པས།
ཁོང་༢ ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་མ་ཚད་ དུས་ཅི་འབད་རུང་ ལྟ་དགོཔ་འོང་ཟེར་ཨིནམ་ད་ ཚོགས་རྒྱན་དེ་མ་བཙུགས་པའི་ཧེ་མར་ ལེགས་ཤོམ་སྦེ་ སེམས་ཐག་བཅད་དེ་ ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།
མོང་སྒར་ཚོང་པ་༡ གིས་ སླབ་མིའི་ནང་ མོང་སྒར་གྱི་ཚོང་པ་ལ་ལུ་ཅིག་ འབྲུག་ཕུན་སུམ་ཚོགས་པ་ལུ་ སེམས་མ་དགའ་མི་དེ་ གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁོ་ར་ བློན་ཆེན་སྦེ་སྡོད་པའི་སྐབས་ལུ་ ལོ་ལྔའི་འཆར་གཞི་༡༠ པའི་ བསྐྱར་ཞིབ་ཀྱི་ ཞལ་འཛོམས་ནང་ བྱོན་པའི་སྐབས་ལུ་ མོང་སྒར་ཁྲོམ་ཁར་ ཆུའི་དཀའ་ངལ་ཡོདཔ་ལས་ ད་ལས་ཕར་ གཙུག་སྡེ་དང་ ཡིག་ཚང་གསརཔ་ ག་ནི་ཡང་ བཙུགས་མི་ཚུགས་ནི་མས་ཟེར་ སླབ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་ཁར་མི་རློབས་མེད་པ་ཅིན་ ཚོང་བཙོང་སྟེ་འོང་འབབ་བཟོ་ཚུགས་ནི་དེ་ ལཱ་ཁག་འོང་ནི་ཨིནམ་ལས་ ད་ལས་ཕར་ མོང་སྒར་ལུ་ ཡིག་ཚང་གསརཔ་དང་ གཙུག་སྡེ་གསརཔ་ག་ནི་ཡང་ བཙུགས་མ་ཚུགས་པ་ཅིན་ ཁྲོམ་དེ་ ད་ལྟོ་བཟུམ་སྦེ་ར་ དཀའ་ངལ་ནང་ལུས་ནི་ཨིནམ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ དཀའ་སྡུག་དང་ འཐུང་ཆུའི་དཀའ་ངལ་ཚུ་ བསལ་ཐབས་ལུ་ ཚོགས་པ་གསརཔ་དང་ འདེམས་ངོ་གསརཔ་ལུ་ གོ་སྐབས་སྤྲོད་ནི་ཟེར་ཨིན་པས།
མོང་སྒར་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ཡང་ ཧེ་མའི་བློན་ཆེན་གྱི་གསལ་བཤད་དེ་ ཉན་པའི་ཉིནམ་ལས་ཚུར་ སེམས་མ་དགའ་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ བཙག་འཐུ་འགྲུབ་པ་ཅིན་ མོང་སྒར་གྱི་ དཀའ་ངལ་བསལ་ཐབས་ལུ་ ཐབས་ཤེས་ཅིག་ རྫོགས་སོཔ་བཟུམ་མཐོང་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ད་ལྟོ་ཚུན་ གོ་སྐབས་དེ་ ཁོང་ལུ་བྱིན་རུང་ ཁོང་གིས་འབད་མ་ཚུགསཔ་ལས་ ད་རུང་ ཁོང་གིས་ དཀའ་ངལ་བསལ་ཐབས་བསྒྲིག་ནི་ཟེར་ སླབ་མི་དེ་ལུ་ བདེན་རྫུན་རེ་མི་ཚུགས་པས་ཟེར་ཨིན་པས།
སྐྱིད་བདེ་མཁར་གྱི་མི་སེར་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཧེ་མའི་འདེམས་ངོ་ ཀརྨ་ལྷ་མོ་དེ་ ལོ་ན་གཞོནམ་འབད་རུང་ མི་སེར་ཚུ་གི་མཐའ་དོན་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་མི་ལུ་ངལ་རངས་ཡོདཔ་ལས་ མོ་ལུ་ར་ རྒྱབ་སྐྱོར་འབད་དགོཔ་ཡོད་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ཝེང་མཁར་ལས་ སོ་ནམ་པ་ཚེ་དབང་གིས་འབད་རུང་ ཁོ་གི་གཡུས་ཚན་ནང་ གེ་ཟའི་སྲིབ་བརྡུང་ནིའི་འཕྲུལ་ཆས་ཚུ་བཙུགས་ཏེ་ ཕན་ཐོགས་པའི་ལཱ་འབད་ཡོདཔ་ལས་ རྒྱབ་སྐྱོར་དེ་ མོ་ལུ་ར་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ སོ་ནམ་པ་བཀྲིས་ཀྱིས་འབད་བ་ཅིན་ ལྕོགས་གྲུབ་ལྟ་ནིའི་དོན་ལུ་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བཙུགས་ནི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དེ་ ལྕོགས་གྲུབ་ཅན་སྦེ་ མཐོངམ་མས་ཟེར་ཨིནམ་མ་ཚད་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འདེམས་ངོ་འཇིགས་མེད་བཟང་པོ་དེ་ དམ་ཚིག་ཅན་གྱི་མི་ཅིག་ཨིན་ཟེར་ གོ་ཡོད་རུང་ ཁོ་གིས་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་མི་ལུ་ ཡིད་ཆེས་མི་ཚུགས་པས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཆ་གླིང་དང་ རྩ་མང་ དེ་ལས་ ཙཀླིང་རྒེད་འོག་༣ ནང་ལས་ ཚོགས་རྒྱན་ཉུང་སུ་ཅིག་ལས་བརྒལ་ ཐོབ་མ་ཚུགས་མི་ལུ་བརྟེན་ ཁོ་གིས་ཡང་ ད་རེས་ནངས་པ་ རྒེད་འོག་དེ་ཚུ་ནང་ བསྐུལ་བསྒྲགས་འབད་ནི་དེ་ རྩ་འགེངས་དོ་ཡོདཔ་ད་ ཁ་ཙ་ ཆ་གླིང་རྒེད་འོག་ནང་ བསྐུལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment