གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲས་ཕུག་རྒེད་འོག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོདཔ།

༢༩/༦/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་སྐབས་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་གི་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ ཉི་ཤོ་དང་སྲས་ཕུག་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་ལུ་འབད་ནི་ བཟུམ་ཅིག་ཡོད་མི་དེ་ ཁ་ཙ་ སྲས་ཕུག་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་ནང་འོང་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་དོན་ལུ་ འཐུས་མི་བགྲེསཔ་ར་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་གིས་ སྲས་ཕུག་རྒེད་འོག་ནང་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ སྐྱེས་ལོ་༣༠ ལང་མི་ པདྨ་གིས་སླབ་མིའི་ནང་ མགོནམ་རྡོ་རྗེ་ལུ་ ཉམས་མྱོང་ལེགས་ཤོམ་ཡོད་པའི་ཁར་ རྒེད་འོག་གི་དཀའ་ངལ་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ ཁོ་ལུ་ར་འབད་བ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སྤྱིར་བཏང་གྲོས་འཛོམས་ནང་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ འཛོམས་མི་མང་ཤོས་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་བགྲེསཔ་ མགོནམ་རྡོ་རྗེ་ལུ་ར་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་དགའ་གིས་ སྲས་ཕུག་རྒེད་འོག་ནང་ བསྐུལ་བསྒྲགས་འབད་བའི་བསྒང་།

དེ་བཟུམ་སྦེ་ ཨ་རྒས་དཔལ་འབྱོར་གྱིས་འབད་རུང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ མགོནམ་རྡོ་རྗེ་གིས་ རྒེད་འོག་དེ་ནང་ གློག་མེ་དང་ འཐུང་ཆུ་ དེ་ལས་ སོ་ནམ་ཞིང་ལམ་ཚུ་ ལེགས་ཤོམ་སྦེ་ར་ བཏོན་བྱིན་མི་ལུ་བརྟེན་ ད་ལས་ཕར་འབད་རུང་ ཚོགས་རྒྱན་དེ་ཁོ་ལུ་ར་ བཙུགས་ནི་ཨིན་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ སྲས་ཕུག་རྒེད་འོག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལས་ ཚོགས་རྒྱན་༡༡༣ ཐེབས་ཐོབ་སྟེ་ཡོད་རུང་ གཞན་མི་རྒེད་འོག་༦ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་དགོ་མི་དེ་ཡང་ མགོནམ་རྡོ་རྗེ་ཁོ་ར་ རྒེད་འོག་དེ་ནང་ལས་ འབད་ནི་དེ་གིས་ ཨིནམ་འོང་ནི་ཨིན་པས།
མགོནམ་རྡོ་རྗེ་གིས་ རྒེད་འོག་གི་ གཡུས་ཚན་༩ དེ་ཅིག་གི་དོན་ལུ་ སོ་ནམ་ཞིང་ལམ་གསརཔ་ བསལ་ནི་ཨིན་ཟེར་ ཁས་བླངས་འབད་ཡོད་པའི་ཁར་ ལམ་ལ་ལུ་ཅིག་གི་དོན་ལུ་ ཟམ་ཡང་རྐྱབ་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་གཞི་གཡུས་ཚན་༩ དེ་ཅིག་ཟེར་སླབ་ད་ ལམ་རིངམོ་འོང་ནི་བཟུམ་མཐོང་རུང་ ཀི་ལོ་མི་ཊར་༢༠ དེ་ཅིག་ལས་བརྒལ་ བསལ་མེན་དགོ་ཟེར་ཨིན་པས།
དེ་ལས་ ལམ་སྲོལ་གྱི་དབང་དུ་བཏང་པ་ཅིན་ ཁོ་གིས་ དབང་འདུས་དགོན་པ་དང་ བུམ་པའི་ལོགས་ལྷ་ཁང་ ཉམས་གསོ་ཞུ་ནི་དང་་བུ་ས་དགོན་པའི་དོན་ལུ་ འཐུང་ཆུ་བཏོན་ནི་ དེ་ལས་ ཀློང་སྟོད་ལྷ་ཁང་ནང་ གྱང་བརྡུང་ནིའི་ལཱ་ཚུ་ཡང་ འབད་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་དགའ་གིས་འབད་བ་ཅིན་ ཁོ་གིས་ དབང་ཚད་ཕྱིར་སྤེལ་གྱི་ཐོག་ལས་ ས་གནས་གཞུང་གི་ ཐོབ་ལམ་ཡར་སེང་འབད་ནི་དང་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནི་ སོ་ནམ་ཞིང་ལམ་བསལ་ནི་ རྒེད་འོག་ལྟེ་བ་རེ་ལུ་ མར་ཁུ་བླུག་སའི་མཛོད་ཁང་བཟོ་ནི་ མེ་རླུང་གེས་གི་ཞབས་ཏོག་འགོ་བཙུགས་ནི་ རྒེད་འོག་རེ་ལུ་ སྣུམ་འཁོར་རེ་བྱིན་ནི་ དེ་ལས་ སྤྱི་འོག་རེ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་རེ་ བྱིན་ནི་ཨིན་ཟེར་ཁས་བླངས་འབད་ཡི།
སྐྱེས་ལོ་༣༩ ལང་མི་ ཀུན་དགའ་གིས་ རྒེད་འོག་མང་ཤོས་ཅིག་ནང་ ཁས་བླངས་གསལ་བསྒྲགས་ཀྱི་སྐོར་ལས་མེན་པར་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་ལུ་ སྐྱོན་བརྗོད་འབད་བའི་སྐོར་ལས་ སླབ་ཡོདཔ་ལས་ ཁོ་གིས་རྒེད་འོག་སོ་སོ་ཚུ་ནང་ རྒེད་འོག་དང་འབྲེལ་བའི་ཁས་བླངས་སོ་སོ་མེདཔ་ལས་ སྤྱིར་བཏང་གི་ཁས་བླངས་དེ་ཨིནམ་ད་ དབང་འདུས་རྫོང་ཁག་ནང་ སྤྱིར་བཏང་གྲོས་འཛོམས་ཚུ་ ཁ་ཙ་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment