གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེ་ཏི་ཁ་རི་ཆུ་བྱག་གི་ལཱ་ ཆར་ཤུགས་མ་རྐྱབ་པའི་ཧེ་མར་ འགྲུབ་ནིའི་འབད་བརྩོན།

༢༨/༦/༢༠༡༣   ༉ དགེ་ལེགས་ཕུག་དང་ གཞལམ་སྒང་གི་གཞུང་ལམ་ལྟག་ལས་ མི་ཊར་༡༤༠༠ འབད་མི་ ས་གནས་ཤེ་ཏི་ཁ་རིའི་ ཆུ་གཤོང་ནང་ ཆུ་རུད་ཀྱིས་མེདཔ་བཏང་མིའི་ འཁོར་ལམ་སེལ་ནིའི་ལཱ་ཚུ་ ན་ཧིང་ སྤྱི་ཟླ་༡༢ པའི་ཟླ་མཇུག་ལུ་ ཁག་འབགཔ་ལུ་སྤྲོད་དེ་ དུས་ཅི་སྤྱི་ཟླ་༦ པའི་བདུན་ཕྲག་༢ པའི་ནང་ ལཱ་མཇུག་བསྡུ་དགོཔ་ཨིན་རུང་ དུས་ཚོད་ཁར་ འགྲུབ་མ་ཚུགས་མི་ལུ་བརྟེན་ ཁག་འབགཔ་༢ ཀྱིས་ ཉེས་ཆད་སྤྲོད་ཐོག་ལས་ དུས་ཚོད་ཐེབས་ལེན་ཏེ་ ལཱ་འཕྲོ་མཐུད་དེ་འབད་བའི་བསྒང་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་ ཤེ་ཏི་ཁ་རི་ལུང་ཤོང་།


ལཱ་དེ་ཡང་ ཁག་༤ སྦེ་ མཁོ་སྤྲོད་འབད་ཡོདཔ་ཨིན་རུང་ མི་ཊར་༣༠༠ དེ་ཅིག་འབད་མི་ དགེ་ལེགས་ཕུག་དང་ གཞལམ་སྒང་ གཞུང་ལམ་འོག་ལས་ཕར་ ལམ་སེལ་ནི་དེ་ ཁག་འབགཔ་སོ་སོ་༢ ལུ་ སྤྲོད་མི་དེ་ སྤྱི་ཟླ་༧ པའི་བར་མཚམས་ཚུན་ དུས་ཚོད་བྱིན་ཏེ་ ཡོདཔ་ཨིན་པས།
དྲུང་ཁག་གི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཅི་གནམ་བྱཱར་ཆརཔ་ཤུགས་སྦེ་ མ་རྐྱབ་པའི་ཧེ་མར་ མཇུག་བསྡུ་ནིའི་དོན་ལུ་ ལྟ་རྟོག་ཚུ་འབད་དོ་ཟེར་ཨིན་པས།
བསྡོམས་ཀྱིས་ རིང་ཚད་མི་ཊར་༡༧༠༠ འབད་མིའི་ལཱ་གི་ས་ཁོངས་ནང་ གནམ་དགུན་ལུ་ ཆུ་མེད་རུང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ཆུ་ག་ཏེ་ལས་འོངམ་ཨིན་ན་མ་ཤེས་པའི་ ཆུ་སྦོམ་འཐོན་འོང་སྟེ་ ཆུ་རུད་ཐོན་མི་གིས་ ལུང་གཤོང་མཐའམ་བདའ་སྟེ་ སྡོད་མི་ཚུ་ལུ་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ས་རུད་ཀྱི་ཤུལ་ཡོད་ས་ཚུ་ནང་ ས་བརྐོ་ཞིནམ་ལས་ ཟུར་ཁ་ལས་ཕར་ མཐོ་ཚད་མི་ཊར་༣ དེ་ཅིག་འབད་མི་ ཆུ་བྱག་རྐྱབ་དོ་ཡོདཔ་ད་ ཆུ་ལམ་གྱི་ཚད་གཞི་དེ་ མི་ཊར་༡༥ ཡོདཔ་བཞིན་དུ་ ཆུ་མཇུག་དེ་ མའུ་མཁོ་ལ་ གཙང་ཆུའི་མཐའ་མ་ཚུན་ཨིན་པས།
བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡༦ གནས་དོ་ཡོདཔ་ལས་ ཆུ་བྱག་རྐྱབ་ནི་དེ་ ཐབས་ཤེས་གསརཔ་ཅིག་ཨིནམ་བཞིན་དུ་ དྲུང་ཁག་འགོ་དཔོན་ཚུ་དང་འཁྲིལཝ་ད་ གནམ་བྱཱར་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ཆུ་རུད་ཀྱི་ཉེན་འཚུབས་ཡོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༡ ལས་ར་ ལུང་གཤོང་འདི་ནང་ ཟད་འགྲོ་སྦོམ་བཏང་སྟེ་ ཆུ་གཡུར་བསལ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཆུ་གཡུར་དེ་ཡང་ གཡུར་བ་ནང་ཡོད་པའི་ས་རྡོ་ཚུ་ དབོག་ཞིནམ་ལས་ ཟུར་ཁར་བཏོན་ཏེ་ ཆུ་ལམ་བཟོ་ཡོད་རུང་ ཆུ་རུད་ཚར་རེ་འོང་བའི་སྐབས་ ག་ར་འཕྱགས་བདའ་སྟེ་ ལོག་ཨ་རྟག་ཧར་ལུགས་སྦེ་ འགྱོཝ་མས་ཟེར་ཨིན་པས།
རྩིས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ལོ་༢ ནང་ ས་རྡོ་དབོག་བཀོག་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༦ དེ་ཅིག་ གནས་ཡོད་མི་དེ་ ཆུ་ཟད་སོང་ཡོདཔ་ཨིན་པས།
དྲུང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཟད་འགྲོ་གནས་ལུགས་ཀྱི་སྐོར་ལས་ ཞིབ་འཚོལ་མ་འབད་བས་ཟེར་ཨིནམ་ད་ ད་རེས་ ཞབས་ཏོག་ལྷན་ཁག་གི་ ས་ཁྲ་དང་འཁྲིལ་ཏེ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་དོ་ཡོདཔ་ལས་ ཆུ་རུད་སྦོམ་མ་འོང་བའི་ཧེ་མར་ ལཱ་དེ་གྲུབ་ཚུགས་པའི་རེ་བ་ཡོད་ཟེར་ ས་ཁོངས་བཟོ་རིག་འགོ་དཔོན་ ཚེ་རིང་བཀྲ་ཤིས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment