གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ཚུ་ སྲིད་ཚོགས་གཞན་ནང་འཛུལ་ཞུགས།

༢༠/༦/༢༠༡༣  ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ཚུན་ཚོད་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མི་ དཔལ་ལྡན་(མིང་བསྒྱུར་བཅོས) དེ་ ད་རིས་འབདཝ་ད་ བཀྲིས་སྒང་ར་ལྡི་རྒེད་འོག་ བདེ་སྐྱིད་གླིང་ལས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་སྦེ་ འཛུལ་ཞུགས་འབད་དེ་ཡོདཔ་ཨིན་པས།


འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་ སྲིད་ཚོགས་ནང་ལས་ ཐོན་འགྱོ་དོ་ཡོད་མི་དེ་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ གནད་དོན་གསརཔ་ཅིག་ཨིནམ་ད་ ཧེ་མ་འབད་བ་ཅིན་ བདེ་སྐྱིད་གླིང་དེ་ ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མི་ཅིག་ཨིན་པས།
ང་ སྲིད་ཚོགས་འདི་ནང་ལས་ ཕྱིར་ཐོན་འབད་ཞིནམ་ལས་ཚུར་ སྤང་ཐང་དང་ བདེ་སྐྱིད་གླིང་ལས་ ཁྱིམ་གུང་༢༠ དེ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཐག་བཏོག་ཡོད་ཟེར་ དཔལ་ལྡན་གྱིས་ སླབ་ཨིན་པས།
དེ་མ་ཚད་ གྲོང་གཡུས་གཞན་ཚུ་ནང་ཡང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་དོ་ཡོད་པའི་ ལོ་རྒྱུས་ཡོདཔ་ད་ ཤུགས་ཡོད་མི་ རྒྱབ་སྐྱོར་པ་ཅིག་ ཕུན་སུམ་ཚོགས་པ་ལས་ ཐོན་འགྱོ་བའི་ཤུལ་ལུ་ སྟོང་གླིང་གི་ མི་སེར་ལེ་ཤ་ཅིག་ དམངས་གཙོ་ཚོགས་པའི་ནང་ འཛུལཝ་མས་ཟེར་ ར་ལྡིའི་གྲོང་གཡུས་མི་སེར་ སངས་རྒྱས་བསྟན་འཛིན་གྱིས་ སླབ་ཨིན་པས།
དེ་ལས་ གཙང་མཁར་གཡུས་ཚན་གྱི་ མི་སེར་ཚུ་ ཧེ་མ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཨིནམ་ལས་ ད་རེས་འབདཝ་ད་ ཁོང་གི་ འདེམས་ངོ་དེ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡོད་ནི་དེ་གིས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ དཔལ་ལྡན་གྱིས་ སླབ་ཨིན་པས།
ཕོངས་མེད་ལུ་ཡང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་ཏེ་ སྲིད་ཚོགས་༢ ཀྱི་ མཉམ་འབྲེལ་ཞལ་འཛོམས་ཚུ་ཡང་ གཅིག་ཁ་སྦེ་ འཚོགས་དོ་ཟེར་ ཕོངས་མེད་ལས་ གྲོང་གཡུས་ཨམ་སྲུ་ཅིག་གིས་ སླབ་ཨིན་པས།
དེ་ལས་ ཕ་སྤད་གཉིས་ཆ་ར་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་ལས་ ཆ་མེད་བཏང་མི་ལུ་བརྟེན་ མེ་རག་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་དག་པ་ཅིག་ དམངས་གཙོ་ཚོགས་པ་ནང་ འཛུལ་ཡོདཔ་ད་ ཚོགས་དཔོན་བགྲེསཔ་གི་བུ་དེ་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལས་ ཆ་མེད་བཏང་པའི་ཤུལ་ལུ་ ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་རྒན་ཤོས་ཅིག་གིས་ ཁོ་ མི་སེར་དམངས་གཙོ་ཚོགས་པའི་ནང་ ཐོ་བཀོད་སྤོ་སོར་འབད་བ་ཅིན་ ག་དེ་སྦེ་འོང་ག་ཟེར་ བསམ་འཆར་སླབ་དགོཔ་སྦེ་ འགྲུལ་འཕྲིན་བཏང་དེས་ཟེར་ མེ་རག་ལས་ ནོར་རྫིཔ་ངག་དབང་གིས་ སླབ་ཨིན་པས།
མི་སེར་ལ་ལུ་ཅིག་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ རྒྱབ་བཤུད་རྐྱབ་མི་དེ་ཡང་ ཚོགས་པ་དེ་གིས་ དྲག་རིམ་ཚུ་ འདེམས་ངོ་སྦེ་ ཚབ་ཚུགས་ཐོག་ལས་ མི་སེར་ཉམ་ཆུང་གི་ ཨ་ལུ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མ་བྱིནམ་བཟུམ་ ཚོར་སྣང་བྱུང་ནི་དེ་གིས་ཨིན་པས་ཟེར་ ར་ལྡི་ལས་ བསམ་གཏན་གྱིས་ སླབ་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ འགོ་འདྲེན་པ་ བསམ་གྲུབ་ཀྱིས་ སླབ་མིའི་ནང་ ཚོགས་པའི་རྒྱབ་སྐྱོར་པ་ལ་ལུ་ཅིག་ མི་སེར་དམངས་གཙོ་ཚོགས་པའི་ནང་ འགྱོ་མི་ལུ་ལྟ་སྟེ་ ཚོགས་པ་ལུ་ འདྲོག་བྱེལ་འཐབ་དགོཔ་མེད་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ སྲིད་ཚོགས་གཅིག་ལས་གཅིག་ནང་ འཛུལ་ཞུགས་འབད་མི་དེ་ བཙག་འཐུའི་ལམ་ལུགས་ཅིག་ཨིན་ཟེར་ བསམ་གྲུབ་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ནང་ལས་ ག་དེམ་ཅིག་ ཐོན་འགྱོ་རུང་ དེ་དང་བསྟུན་ ཚུར་འཛུལ་མི་ཡང་འདྲན་འདྲ་ཐོན་དོ་ཟེར་ཨིནམ་ད་ འབྲུག་སྤྱིར་དབང་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ཡང་ ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ སླབ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ཚོགས་རྒྱན་བཙུགས་ནི་གི་ ཐད་ལུ་ལྷོདཔ་ད་ རང་སོའི་ཐོབ་དབང་དང་འཁྲིལ་ གདམ་ཁ་རྐྱབ་ནི་ཨིནམ་ལས་ རང་གི་གནས་ཚང་ལུ་ཡང་ བློ་གཏད་ཚུགས་པར་ ལཱ་ཁག་འོང་ཟེར་ མེ་རག་ལུ་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ ཚེ་རིང་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment