གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་དང་འབྲེལ་བའི་ རྩོད་དོན་༥ ལས་༤ ཆ་མེད་བཏང་ཡོདཔ།

སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་བཟུང་བའི་ ཁ་ཉེས་བཀལ་མི་ལུ་ སྙན་གསན་མཛད་པའི་བསྒང་ཡོདཔ་ཨིན་པས།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཐུག་ལས་ ཁོ་ལུ་ སྲིད་དོན་ཚོགས་པ་མཉམ་བསྡོམས་དང་ ལུང་ཕྱོགས་ཀྱི་ དབྱེ་བ་ཕྱེ་བའི་ ཉེས་འཛུགས་འབད་མིའི་བརྒལ་ལན་ ངག་ཐོག་དང་ ཡིག་ཐོག་གཉིས་ཆ་རའི་ནང་ ཕུལ་ཡོདཔ་ཨིན་པས།


བརྒལ་ལན་དེ་ཡང་ བཀྲིས་སྒང་རྫོང་བདག་གི་ ཡིག་ཚང་ནང་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ བཙུགས་ཡོདཔ་ད་ ཁོ་གི་ སྙན་གསན་དང་པ་དེ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ འབད་ཡོདཔ་ཨིན་པས།


སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ནོར་བུ་དབང་ཕྱུག་གིས་ ཨུ་མཛོ་རོང་གི་ འཛོམས་འདུ་ཅིག་ནང་ མི་སེར་ཚུ་ལུ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་སྤྱིར་དབང་ཚོགས་པ་༣ མཉམ་བསྡོམས་འབད་དེ་ བཟའ་ཚང་གཅིག་ལུ་ གྱུར་ཡོད་ཟེར་ སླབ་མི་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྒྲ་འཛིན་འབད་དེ་ སྲིད་ཚོགས་མཉམ་བསྡོམས་འབད་ཡོད་པའི་ སྒྲུབ་བྱེད་དང་བཅསཔ་སྦེ་ བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་མ་ཚད་ ཁོ་གིས་ ལུང་ཕྱོགས་བཟུང་བའི་ གསལ་བཤད་འབད་ཡོད་པའི་ ཁ་ཉེས་ཡང་བཀལ་ཡོདཔ་ཨིན་པས།

ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་ལུ་ སྲིད་ཚོགས་གཅིག་བསྡོམས་འབད་མི་དང་ ལུང་ཕྱོགས་བཟུང་བའི་ ཁ་ཉེས་བཀལ་མི་ཚུ་གི་ བརྒལ་ལན་དེ་ ཡིག་ཐོག་དང་ ངག་ཐོག་ལུ་ ཕུལ་ཡི་ཟེར་ཨིནམ་ད་ ང་གིས་ བརྒལ་ལན་ནང་ ཁོ་རའི་ཁ་ཐུག་ལས་ སླབ་མི་དེ་ ག་ཅི་ལུ་ གཞི་བཞག་སྟེ་ སླབ་ཡོདཔ་ཨིན་ན་ གསལ་བཀོད་འབད་ཡི་ཟེར་ སླབ་ཨིན་པས།


རྫོང་ཁག་བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རྩོད་དོན་དེ་གི་སྐོར་ལས་ གྲོས་ཆོད་བཏོན་ཚུགས་ཚུགས་ལུ་ སྙན་གསན་ཐེངས་༣ པ་ འབད་དགོཔ་བཟུམ་འདུག་ཟེར་ཨིན་པས།


དེ་འབདཝ་ད་ ཁ་ཙ་ཕུལ་མི་ བརྒལ་ལན་ནང་ ར་ཁུངས་དང་ སྒྲུབ་བྱེད་ཚུ་ལངམ་སྦེ་ བཀོད་དེ་ཡོད་པ་ཅིན་ གྲོས་ཆོད་དེ་ ད་རིས་ བཏོན་འོང་ཟེར་ བཙག་འཐུ་འགོ་དཔོན་གྱིས་ སླབ་ཨིན་པས།


དེ་འབདཝ་ད་ རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་༤ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཕྱིར་འབུད་བཏང་མི་དེ་ཡང་ ཉོགས་བཤད་བཙུགས་མི་ཚུ་ལས་ ངོས་ལེན་མེད་ནི་དེ་གིས་ཨིན་པས།


ཉོགས་བཤད་ཡི་གུ་བཙུགས་མི་ཚུ་ལུ་ ཁོང་གིས་ ཁ་ཉེས་བཀལ་བའི་ ལྷན་ཐབས་ལུ་ རྩོད་དོན་ཚུ་ དུས་ཚོད་དང་ ཚེས་གྲངས་ ས་གནས་ག་ཏེ་ལུ་ བྱུང་ཡོདཔ་ཨིན་ན་ སྒྲུབ་བྱེད་ཚུ་དང་སྦྲགས་ ཕུལ་དགོཔ་སྦེ་ སླབ་ཡོད་རུང་ རྩ་ཕན་གཉིས་ཆ་རའི་ ཁ་ཐུག་ལས་ མ་བཙུགས་ནི་དེ་གིས་ ཆ་མེད་བཏང་ཡི་ཟེར་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་ཨིན་པས།


རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ ཉོགས་བཤད་༤ ཆ་མེད་བཏང་མིའི་གྲས་ལས་༢ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་འགལ་ལུ་ཨིནམ་ད་ གཞན་༢ པོ་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བཀོད་ཡོདཔ་ཨིན་པས།


མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ མཉམ་འབྲེལ་གཞི་བཙུགས་པ་ཅིག་ཨིན་མི་ གྲུབ་ཐོབ་རིག་འཛིན་ལུ་ སྦིས་མཁར་སྒྲུབ་སྡེ་ལུ་ ཆུའི་ཧོད་ བེ་རེལ་ཚུ་ བགོ་བཀྲམ་འབད་བའི་ཁར་ སྒྲུབ་སྡེ་ལུ་ ཆུ་དུང་དང་ སྦིས་མཁར་མཁར་གཤོང་ལྷ་ཁང་ནང་ ཁྱིམ་ཐོག་བཀྲམ་སྤེལ་འབད་ནི་གི་ ཁས་ལེན་འབད་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།


ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ ཉོགས་བཤད་བཀོད་མི་ཚུ་ ཕྱིར་བཏོན་འབད་ནི་གི་ གྲོས་ཐག་བཅད་མི་དེ་ཡང་ སྲིད་དོན་གནས་སྟངས་སྐྱོ་དྲགས་འགྱོ་ནི་ལས་ སྲུང་ཐབས་ལུ་ཨིན་ཟེར་ཨིན་པས།


དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཨུ་མཛོ་རོང་ལུ་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཁ་ཐུག་ལས་སྦེ་ བསྐུལ་བསྒྲགས་འབད་ཡོད་པའི་སྐོར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།


ད་རུང་ ཉོགས་བཤད་གཉིས་པ་དེ་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་གིས་ ཡོན་ཕུ་ལ་ལུ་ ནོར་བུ་དབང་ཕྱུག་ལུ་ རྒྱབ་སྐྱོར་འབད་དགོ་པའི་ བསྐུལ་བསྒྲགས་འབད་བའི་སྐོར་ཨིན་པས།


འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ཉོགས་བཤད་དེ་གཉིས་ བཙག་འཐུའི་ཉོགས་བཤད་འབྲི་ཤོག་ནང་བཀོད་དེ་ བཙུགས་དགོཔ་ཨིན་རུང་ ཁོ་ར་གིས་ ཆ་མེད་བཏང་ཡི་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ངོས་ལེན་འགོ་དཔོན་གྱིས་ འབྲེལ་བ་ཅན་ལུ་ ད་རུང་ འདེམས་ངོ་གཞན་གྱི་ ཁ་ཐུག་ལས་ བསྐུལ་བསྒྲགས་འབད་ནི་དེ་ འཛེམ་དགོཔ་སྦེ་ ཉེན་བརྡ་བྱིན་ཡོད་ནི་དེ་གིས་ ཁོ་གི་ ཁ་ཐུག་ལས་ ཉོགས་བཤད་ལོག་མི་བཀོད་ནི་སྦེ་ ཐག་བཏོག་ཅི་ཟེར་ཨིན་པས།


ཨིན་རུང་ ཁོ་གིས་འབད་བ་ཅིན་ སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་དབྱེ་བ་ཕྱེ་བའི་སྐོར་ སླབ་ཡོད་པའི་ ཉོགས་བཤད་ཡི་གུ་བཙུགས་མི་ཚུ་ལུ་ ཁོ་གི་ སྲིད་ཚོགས་ཡིག་ཚང་གིས་ རྗེས་དཔྱད་འབད་བཞིན་དུ་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment