གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ ཨར་རྐུན་འབད་བའི་རྫུན་ཁ་བཟེད་ཡོདཔ།

༢༡/༦/༢༠༡༣  ༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ནང་ ཁག་འབག་གི་ལཱ་འབད་མི་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ རྒྱ་གར་ ཧིན་དཱུསི་ཏཱན་བཟོ་སྐྲུན་ལས་སྡེ་ལས་ དངུལ་ཀྲམ་༡༧༢,༠༠༠ ལྷགཔ་ཅིག་ ཨར་རྐུན་འབད་བའི་ཁར་ ཅ་ཆས་ཚུ་ཡང་ བཅག་དཀྲུམས་འབད་བའི་ ཉེས་འཛུགས་འབད་མི་དེ་ བདེན་རྫུན་དབྱེ་དཔྱད་འབད་ནིའི་དོན་ལུ་ ཁ་ཙ་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་གཙོས་པའི་ འགོ་དཔོན་ཚུ་གིས་ ལས་སྡེའི་ས་ཁོངས་ནང་ ཞིབ་དཔྱད་འབད་ཡི།
དྲང་དཔོན་པ་སངས་དབང་མོ་གིས་ ཏི་རུ་བཙུགས་བཞག་སའི་སྒྲོམ་
ཞིབ་དཔྱད་འབད་བའི་བསྒང་།


ལས་སྡེའི་འགོ་དཔོན་ཚུ་གིས་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ དོགས་ཅན་གྱིས་ དངུལ་ཀྲམ་༡༧༢,༠༠༠ ལྷགཔ་ཅིག་ ཨར་རྐུན་འབད་བའི་ཁར་ གློག་རིག་ཡོངས་འབྲེལ་དང་ ཀམ་པུས་ཊར་གྱི་ རྒྱུན་ཐག་བཏོགས་བཏང་བའི་ཁར་ ཏི་རུ་བཞག་སའི་སྒྲོམ་གྱི་ལྡེ་མིག་ མེདཔ་བཏང་མི་ཚུ་གི་ གནས་གོང་རྩིས་རྐྱབ་ད་ དངུལ་ཀྲམ་༡༢,༠༠༠ ལྷགཔ་ཅིག་ གནས་ནུག་ཟེར་ཨིན་པས།
ཨར་རྐུན་ཤོར་སའི་ས་ཁོངས་ནང་ ཞིབ་དཔྱད་འབད་བའི་སྐབས་ གློག་རིག་ཡོངས་འབྲེལ་དང་ ཀམ་པུས་ཊར་གྱི་ རྒྱུན་ཐག་དུམ་གྲ་རེ་མེདཔ་ཐལ་ཡོདཔ་མཐོངམ་མ་ཚད་ ཏི་རུ་བཞག་སའི་ སྒྲོམ་གྱི་ལྡེ་མིག་དང་ འབྲི་ཁྲི་གི་ལྡེ་མིག་ ལོག་བཅོ་བཏུབ་ནི་ཨིནམ་ལས་ དངུལ་ཀྲམ་༡༢,༠༠༠ གནས་པའི་ཅ་ཆས་ཚུ་ མེདཔ་བཏང་ཡོད་པའི་ ངོས་འཛིན་བྱུང་ཡི།
དྲང་དཔོན་པ་སངས་དབང་མོ་གིས་ སླབ་མིའི་ནང་ དྲང་ཁྲིམས་ལྷན་སྡེ་གིས་ ཞིབ་དཔྱད་འབད་མི་དེ་ རྩོད་རྩ་གིས་ སྙན་ཞུ་བཀལ་མི་དང་ བྱ་ངན་བྱུང་མི་མཐུན་མས་ག་ བལྟ་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་ཡང་ ལས་སྡེ་གིས་སྙན་ཞུ་འབད་བའི་སྐབས་ ཅ་ཆས་ལེ་ཤ་མེདཔ་བཏང་པའི་ཉེས་འཛུགས་བཀལ་རུང་ ཞིབ་དཔྱད་འབད་བའི་སྐབས་ གོང་ཚད་དངུལ་ཀྲམ་༥,༠༠༠ དེ་ཅིག་གནས་པའི་ཅ་ཆས་ལས་བརྒལ་ མེདཔ་མ་བཏང་པས་ཟེར་ཨིན་པས།
དྲང་དཔོན་གྱིས་སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ ཁྲིམས་འདུན་གྱིས་ཡང་ ཞིབ་དཔྱད་འབད་མི་དེ་ བདེན་རྫུན་ལེགས་ཤོམ་སྦེ་ དབྱེ་ནིའི་དོན་ལུ་ཨིནམ་ལས་ དེ་གིས་ བདེན་རྟགས་ལེགས་ཤོམ་སྦེ་ འཐོབ་ནིའི་གོ་སྐབས་ཡོདཔ་ལས་ འཁྲུན་ཆོད་བཏོན་ནི་ལུ་ཡང་ ཕན་ནི་མས་ཟེར་ཨིན་པས།
ཨར་རྐུན་དེ་ དུས་ཅི་སྤྱི་ཟླ་༢ པའི་ཚེས་༧ གྱི་ནུབ་མོར་ ཤོར་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༢༦ ལང་མི་ དོགས་ཅན་གྱིས་ ལས་སྡེའི་རྩིས་ཞིབ་ཡིག་ཚང་གི་སྒོ་ བཅག་དཀྲུམས་འབད་ཞིནམ་ལས་ ནང་ན་འཛུལ་ཏེ་ ཏི་རུ་བཞག་སའི་ ལྕགས་སྒྲོམ་གྱི་ལྡེ་མིག་བཅགས་ཏེ་ ཏི་རུ་བཏོན་ཡོདཔ་ཨིན་པས།
དེ་ལས་ གློག་རིག་ཡོངས་འབྲེལ་དང་ ཀམ་པུ་ཊར་གྱི་རྒྱུན་ཐག་བཏོགས་མི་དེ་ ད་རེས་ནངས་པ་ ཡིག་ཚང་དང་ དངུལ་ཁང་ཚུ་ནང་བཙུགས་བཞག་མི་ པར་བཏབ་འཕྲུལ་ཆས་ སི་སི་ཀེམ་རའི་ རྒྱུན་ཐག་འོང་ནི་ཟེར་བའི་དོགས་པ་ལུ་བརྟེན་ བཏོགས་བཏང་བཏངམ་འོང་ནི་མས་ཟེར་ དྲང་དཔོན་གྱིས་ སླབ་ཡོདཔ་ད་ སི་སི་ཀེམ་ར་གི་ནང་ན་ ག་འཛུལ་མི་དེ་ རང་བཞིན་གྱིས་ པར་བཏབ་བཞག་དོ་ཡོདཔ་ཨིན་པས།
མ་གཞི་ ལས་སྡེའི་ཡིག་ཚང་ཚུ་ བདག་འཛིན་འཐབ་མི་ སྲུང་རྒྱབ་ཡོད་རུང་ དེ་བསྒང་ སྲུང་རྒྱབ་དེ་ ཡིག་ཚང་གཞན་མི་ཚུ་ནང་ ལྟ་སྐོར་འབད་བའི་བསྒང་ཡོདཔ་ལས་ རྩིས་ཞིབ་ཡིག་ཚང་ནང་མ་ལྷོད་པས་ཟེར་ ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མི་ལུ་ལྟ་བ་ཅིན་ སྲུང་རྒྱབ་གཏན་གཏན་མེད་པའི་ཁར་ ཡིག་ཚང་གི་སྒོ་དང་ ཏི་རུ་བཞག་སའི་སྒྲོམ་ཚུ་ཡང་ སྒྲིང་སྒྲིང་ཅིག་མེདཔ་སྦེ་མཐོང་ཡི།
བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་ལས་ཨིན་མི་ དོགས་ཅན་དེ་ ཧིན་དཱུསི་ཏཱན་ལས་སྡེ་ནང་ འཕྲུལ་ཆས་ལག་ལེན་འཐབ་ནིའི་ ལཱ་འབད་དེ་ ལོ་༣ ལང་ཡོདཔ་ད་ ཁོ་གིས་ ཨར་རྐུན་འབད་བའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ཁ་བཟེད་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བ་ཅིན་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་ངོ་༣ དང་༥ གི་བར་ན་ ཕོག་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment