གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཉེས་ཚུ་ལུ་དོ་འགྲན།

༢༦/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་མི་དེ་ ལེགས་ཤོམ་སྦེ་ བདེན་ཁུངས་བཀལ་བཅུག་དགོཔ་སྦེ་ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གནས་ཚུལ་ཞལ་འཛོམས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ནང་ ཉོགས་བཤད་ཡི་གུ་བཙུགས་མི་ལུ་ བདེན་ཁུངས་བཀལ་དགོ་པའི་སྐོར་ གསལ་བཤད་འབད་བའི་བསྒང་།

གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཁ་ཉེས་བཀལ་མི་ཚུ་ བདེན་ཁུངས་བཀལ་མ་ཚུགས་པ་ཅིན་ ཚོགས་པའི་ཁ་ཐུག་ལས་ མ་ཉེས་ཁ་གཡོགས་བཀལ་བའི་ རྩོད་བཤེར་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཟེར་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་བཙུགས་མི་ ཞུ་ཡིག་ནང་ གསལ་བཀོད་འབད་ནུག།
ཉོགས་བཤད་ཡི་གུ་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་ཀྱི་དོན་ལུ་ ས་གནས་ཁག་སོ་སོའི་ནང་ འགྱོ་བའི་སྐབས་ རང་གི་ ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སྐྱོན་བརྗོད་འབད་སར་ ག་ར་གིས་ མཐོང་གསལ་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ ཁོང་གི་ ཁས་བླངས་གསལ་བསྒྲགས་ལུ་ སྐྱོན་བརྗོད་འབད་དེ་ མི་སེར་ཚུ་ལུ་ གོ་བ་བརྡ་ལོག་སྦེ་ གོ་བཅུགཔ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཆུ་ཁ་རྫོང་ཁག་ བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་ཚེ་རིང་གིས་ སྒེར་གྱི་གསར་ཤོག་ དཱ་བུ་ཊི་ནིསི་ཟེར་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱི་ ནུ་གཅུང་གི་ཨིནམ་སྦེ་ སླབ་མས་ཟེར་ཨིན་པས།
ཉོགས་བཤད་ཡི་གུ་ནང་ ཚོགས་པའི་གཙོ་འཛིན་གྱི་ བཟའ་ཚང་ནང་མི་ཚུ་གིས་ དཱ་བུ་ཊི་ནིསི་གསར་ཤོག་དང་ འབྲེལ་བ་ག་ཅི་ཡང་མེདཔ་ལས་ འདི་བདེན་ར་མི་བདེན་ཟེར་བཀོད་ནུག།
ད་རུང་ རྩི་རང་གི་འཛོམས་འདུ་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུད་ལུ་ ནང་གསུག་བྱིན་ཡོད་པའི་སྐོར་ལས་ཡང་ ཁ་ཉེས་བཀལ་ཡོདཔ་མ་ཚད་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ དཱ་བུ་ཊི་ནིསི་དང་ མི་སྡེའི་བརྡ་བརྒྱུད་བུ་ཊཱན་ནོ་མིསི་༢ མི་སེར་དམངས་གཙོ་ཚོགས་པའི་ ཡན་ལག་སྦེ་ གཞི་བཙུགས་འབད་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་ དམའ་ཕབ་རྐྱབ་ནི་དང་ སྐྱོན་བརྗོད་འབད་ཐབས་ལུ་ཨིནམ་སྦེ་ ཁ་ཉེས་བཀལ་ཡོད་ཟེར་ ཉོགས་བཤད་ཡི་གུ་ནང་ འཁོད་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཞུ་ཡིག་ནང་ མི་སྡེ་བརྡ་བརྒྱུད་བུ་ཊཱན་ནོ་མིསི་དང་ སྒེར་གྱི་གསར་ཤོག་ བུ་ཊི་ནིསི་ཟེར་མི་ཚུ་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ འབྲེལ་བ་ག་ཅི་ཡང་མེད་ཟེར་ ཉོགས་བཤད་ཡི་གུའི་ནང་ བཀོད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པའི་ ཉེས་འཛུགས་དེ་ཚུ་ ག་ར་ བདེན་ཁུངས་མེད་པའི་ ཉེས་འཛུགས་ཨིནམ་མ་གཏོགས་ མི་སེར་ལུ་ མི་སེར་དམངས་གཙོ་ཚོགས་པའི་ སྐྱོན་བརྗོད་འབད་ནི་རྐྱངམ་གཅིག་ཨིན་ཟེར་བཀོད་ནུག།
ཁ་ཙ་ ཕུན་ཚོགས་གླིང་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུདཔ་ཚུ་དང་ཅིག་ཁར་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མ་བདེན་པའི་ ཁ་ཉེས་བཀལ་མི་དེ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ གནོད་སྐྱོན་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་ དམངས་གཙོ་རིང་ལུགས་དེ་ལུ་ གནོད་པ་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུད་ལུ་ ནང་གསུག་རྐྱབ་ནི་ཟེར་མི་དེ་གིས་ བརྡ་བརྒྱུད་ཀྱི་ མིང་གཏམ་ལུ་ གནོད་ནི་ཨིནམ་མ་ཚད་ ཉེས་ཅན་གྱི་ ཉེས་འཛུགས་ཅིག་ཨིནམ་ལས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བདེན་ཁུངས་བཀལ་ར་བཀལ་དགོ་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཅི།
དེ་མེན་པ་ཅིན་ བདེན་ཁུངས་དེ་ ཁྲིམས་ཀྱི་འདུན་ས་ལས་ར་ཕྱེ་དགོཔ་ ཁག་ཆེ་བས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཕུན་ཚོགས་གླིང་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment