གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནའི་ཇི་རི་ཡ་ལས་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་ ལེན་ཡོདཔ།

༢༢/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ཕུཊ་བཱོལ་སྡེ་ཚན་ཀ་པའི་ རྫོང་རིག་སྡེ་ཚན་གྱིས་ སྡེ་ཚན་གྱི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་ ཕྱི་རྒྱལ་ནའི་ཇི་རི་ཡ་རྒྱལ་ཁབ་ སི་གེར་ཕུཊ་བཱོལ་སློབ་སྦྱོང་ནང་ལས་ སློབ་ཕྲུག་ཅིག་ ལེན་ཡོདཔ་ཨིན་པས།
འབྲུག་གི་སྡེ་ཚན་ནང་ ཕྱི་མི་རྩེད་འགྲན་པ་ འགོ་ཐོག་བཅའ་མར་གཏོགས་མི་ཅེ་ཅེ།


ནའི་ཇི་རི་ཡ་ལས་ ཕུཊ་བཱོལ་རྩེད་འགྲན་པ་ཅིག་ ལེན་དགོ་པའི་དམིགས་ཡུལ་གཙོ་བོ་ར་ འབྲུག་རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ལུ་ ཡོན་ཏན་དང་ རིག་རྩལ་ ཉམས་མྱོང་ དེ་ལས་ གཞན་མི་བ་དྲགཔ་སྦེ་ རྩེད་འགྲན་འབད་མི་ཚུ་གིས་ ཏི་རུ་དང་ རྒྱུ་སྟོབས་ལེགས་ཤོམ་ཡོད་མི་ ཐིམ་ཕུ་ཁྲོམ་སྡེ་དང་ སྡེ་ཚན་གཞན་ཚུ་ནང་ འཛུལ་སྡོད་དེ་ རྫོང་རིག་སྡེ་ཚན་ནང་ རྩེད་འགྲན་འབད་ནི་ལུ་ སྤྲོ་བ་ལེན་མི་བཏུབ་པས་ཟེར་ རྫོང་རིག་འཛིན་སྐྱོང་པ་ དགའ་རབ་དབང་ཕྱུག་གིས་ སླབ་ཨིན་པས།
རྩེད་འགྲན་པ་ སྐྱེས་ལོ་༢༢ ལང་མི་ ཅེ་ཅེ་དེ་ རྫོང་རིག་སྡེ་ཚན་ནང་ རྩེད་འགྲན་འབད་བའི་ཉིནམ་ལས་ཚུར་ ཐིམ་ཕུ་སྡེ་ཚན་ཀ་པའི་ནང་ར་ཡོདཔ་ད་ དེ་ཡང་ ལིག་སྐོར་ཐེངས་དང་པའི་ནང་ སྡེ་ཚན་དེ་ བྱང་ཕྱད་སྡེ་ཚན་ཚུ་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ མར་གནོན་སྦེ་ར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ ཅེ་ཅེ་ཁོ་ར་ སྡེ་ཚན་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ སྡེ་ཚན་གྱིས་ ཡིད་འཛིན་སྡེ་ཚན་རྐྱངམ་གཅིག་ལས་ ཕམ་ཡོདཔ་མ་གཏོགས་ གཞན་མི་སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ཨང་༣ པའི་ནང་ ཚུད་མི་གིས་ ཁོ་ལུ་ བཀྲིན་དགའ་ཚོར་སྦོམ་བསམ་དོ་ཟེར་ཨིན་པས།
ཅེ་ཅེ་གིས་ རྩེད་འགྲན་འབད་བའི་གནས་སྟངས་ར་ མ་འདྲཝ་ཅིག་སྦེ་ བསྒྱུར་བཅོས་བཏང་སྟེ་ འགྲན་བསྡུར་འབདཝ་ད་ ཁོ་གིས་ བྱང་ཕྱད་སྡེ་ཚན་དང་ དོ་འགྲན་འབད་ཐངས་ བཱོལ་འཕྱོག་འབག་ཐངས་ ཆ་རོགས་གཅིག་གིས་གཅིག་ལུ་ བཱོལ་སྤྲོད་ཐངས་ དེ་ལས་ གཱོལ་བཙུགས་ཐངས་ཀྱི་ རིག་རྩལ་དང་ ཡོན་ཏན་ཚུ་ སྤེལ་ཡོདཔ་ལས་ རྩེད་འགྲན་པ་དང་ འཛིན་སྐྱོང་པ་ལུ་ཡང་ ལེ་ཤ་གིས་ ཕན་ཐོགས་བྱུང་ཡི་ཟེར་ དགའ་རབ་དབང་ཕྱུག་གིས་ སླབ་ཨིན་པས།
ཅེ་ཅེ་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་ར་ སློབ་སྦྱོང་འབད་བའི་སྐབས་ སློབ་གྲྭའི་ཁ་ཐུག་ལས་སྦེ་ ནའི་ཇི་རི་ཡ་རྒྱལ་ཁབ་ནང་ རྩེད་འགྲན་འབད་ཡོད་རུང་ རྒྱལ་སྤྱི་ནང་ བཅའ་མར་གཏོགས་མ་ཚུགསཔ་ད་ ད་རེས་ འགོ་དང་པ་ འབྲུག་རྒྱལ་ཁབ་ཀྱི་ རྫོང་རིག་ ཕུཊ་བཱོལ་སྡེ་ཚན་ནང་ རྩེད་འགྲན་པ་སྦེ་ བཅའ་མར་གཏོགས་ནིའི་གོ་སྐབས་ཐོབ་ནི་དེ་གིས་ བསམ་པ་རྫོགས་ཡི་ཟེར་ཨིན་པས།
ཁོ་གིས་ འབྲུག་པའི་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ལུ་ སློབ་སྦྱོང་དང་ སློབ་སྟོན་ རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ དགོཔ་གལ་ཅན་ཅིག་ཨིན་པའི་ཁར་ ཉིན་བསྟར་བཞིན་དུ་ ཆུ་ཚོད་༤ དང་༥ འི་བར་ན་ སྦྱོང་བརྡར་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།
རྩེད་འགྲན་འབད་བའི་སྐབས་ འབྲུག་གི་རྩེད་འགྲན་འབད་མི་ཚུ་ ཕྱི་རྒྱལ་ལས་ཕར་ རྩེད་འགྲན་ནང་ བཅའ་མར་གཏོགས་དགོཔ་ གལ་ཆེཝ་ཡོདཔ་མ་ཚད་ རྩེད་འགྲན་ལེགས་ཤོམ་སྦེ་ རྩེད་མི་ཚུ་ལུ་ལྟ་སྟེ་ ཡོན་ཏན་དང་ རིག་རྩལ་ དེ་ལས་ ཉམས་མྱོང་དང་ བློ་སྤོབས་ཚུ་ འཐོབ་དགོཔ་འདུག་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་བཟུམ་མའི་ མི་སེར་དང་ རང་བཞིན་གནས་སྟངས་ དེ་ལས་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཡོདཔ་བཟུམ་སྦེ་ རྒྱལ་ཁབ་གཞན་ཚུ་ནང་ མཐོང་མ་མྱོང་བའི་ཁར་ རྣམ་ཅོག་ར་མ་གོ་ཟེར་ཨིནམ་ད་ ཁོ་གིས་ རྒྱལ་རྟགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་འབད་བའི་ཤུལ་ལས་ རྒྱ་གར་གྱི་ ཕུཊ་བཱོལ་སྡེ་ཚན་༡ ནང་ འཛུལ་ནིའི་རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པས།
དགའ་རབ་དབང་ཕྱུག་གིས་ རྫོང་རིག་ཕུཊ་བཱོལ་སྡེ་ཚན་གྱི་ འགོ་ཁྲིདཔ་འབད་དེ་ སྡོད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ན་གཞོན་སློབ་ཕྲུག་ཚུ་ དུས་ཚོད་འཕྲོ་བརླགས་མ་བཏང་པར་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནི་དང་ ཕུཊ་བཱོལ་གོང་འཕེལ་གཏང་ནི་ ན་གཞོན་ ལཱ་གཡོག་མ་འཐོབ་མི་ལུ་ ལཱ་གཡོག་གི་གོ་སྐབས་ དེ་ལས་ མ་འོངས་ན་གཞོན་ཚུ་གིས་ ཕུཊ་བཱོལ་ལུ་བརྟེན་ རྒྱལ་ཁབ་དང་ མི་སེར་ལུ་ ཞབས་ཏོག་ཞུ་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ སྡེ་ཚན་གྱི་འགོ་ཁྲིདཔ་འབད་ཡོད་རུང་ སྡེ་ཚན་ལུ་ ཁེ་སང་འཐོབ་ནི་ཕར་ར་བཞག་ གྱོང་རྒུད་སྦོམ་འབག་སྟེ་ ལཱ་འབད་མི་དེ་ གཙོ་བོ་ར་ ཕུཊ་བཱོལ་ལུ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ ན་གཞོན་སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་དང་  སྡེ་ཚན་ལུ་ རྒྱབ་སྐྱོར་ལེགས་ཤོམ་འཐོབ་ནིའི་དོན་ལུ་ ཅི་ལྕོགས་ གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་དོ་ཟེར་ཨིན་པས།
མ་གཞི་ འབྲུག་ཕུཊ་བཱོལ་ཚོགས་པའི་ཁ་ཐུག་ལས་ ཕུཊ་བཱོལ་ཡར་དྲག་གཏང་ནིའི་དོན་ལུ་ སྦྱོང་བརྡར་དང་ སློབ་སྟོན་ མ་དངུལ་གྱི་རྒྱབ་སྐྱོར་ དེ་ལས་ འཆར་གཞི་དང་ ལས་རིམ་བཟོ་མི་ལུ་ ངལ་རངས་དང་ ཡིད་ཆེས་ཡོད་རུང་ ད་ཚུན་ ཐིམ་ཕུ་སྡེ་ཚན་ཚུ་གི་དོན་ལུ་ མ་དངུལ་ཚུ་ ག་ཏེ་ལས་བྱིནམ་ཨིན་ན་ ག་དེམ་ཅི་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
རྫོང་རིག་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཅིག་ལུ་ རྩེད་འགྲན་འབད་བའི་དུས་ཚོད་ལུ་ དངུལ་ཀྲམ་༣༥,༠༠༠ བྱིན་ཡོདཔ་ད་ རྩེད་འགྲན་འབད་མི་གཞན་ལུ་ དངུལ་ཀྲམ་ཉུང་ཤོས་དངུལ་ཀྲམ་༧༠༠༠ བྱིན་པའི་ཁར་ འགྲན་བསྡུར་འབད་བའི་གནས་སྟངས་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༦ དང་༧ དེ་ཅིག་ གནས་དོ་ཟེར་ཨིན་པས།
ད་རེས་ནངས་པ་ རྫོང་རིག་སྡེ་ཚན་གྱི་ འཛིན་སྐྱོང་འཐབ་ནིའི་ནང་ མཐུན་འབྲེལ་ཐོག་ལས་ཆ་རོགས་༥ ཡོད་ཟེར་ཨིནམ་ད་ སྡེ་ཚན་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ཚུ་ འཚོལ་ཡོད་རུང་ གཞུང་གིས་ ཁྲལ་མར་ཕབ་འབད་མ་བཏུབ་མི་ལུ་བརྟེན་ རྒྱབ་སྐྱོར་འབད་ནི་ལས་ རྒྱབ་བཤུད་རྐྱབ་མས་ཟེར་ཨིན་པས།
རྩེད་འགྲན་འབད་མི་ཚུ་ལུ་ཡང་ འཐུས་ཚུ་ ལེགས་ཤོམ་སྦེ་ བྱིན་མ་བཏུབ་པ་ཅིན་ སྤྲོ་བ་སྦོམ་བསྐྱེད་དེ་ སྦྱོང་བརྡར་དང་ སློབ་སྟོན་ལས་རིམ་ནང་ འོང་མ་བཏུབ་པའི་དཀའ་ངལ་སྦོམ་ཡོདཔ་ལས་ གཞུང་གིས་ རྒྱབ་སྐྱོར་གནང་དགོཔ་ གལ་ཅན་ཅིག་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment