གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ལོ་བསྟར་སྒྲོལ་མ་འབུམ་བསགས་མི་དེ་ ད་རིས་འགྲོལ་ནི།

བཀྲིས་ཆོས་རྫོང་ནང་ ལོ་བསྟར་སྒྲོལ་མ་འབུམ་བསགས་པའི་བསྒང་།
 ༉ ལོ་བསྟར་བཞིན་དུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ སྒྲོལ་མ་འབུམ་བསགས་གནང་སྲོལ་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༣ ལས་འགོ་བཙུགས་ ད་རིས་ འགྲོལ་གནང་ནི་ཨིན་པས།

དེ་ཡང་ ལོ་བསྟར་བསགས་གནང་མི་ སྒྲོལ་མ་འབུམ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབུ་བཞུགས་ཐོག་ གཞུང་གྲྭ་ཚང་གི་ དགེ་འདུན་ཞལ་གྲངས་༢༠༠ ལྷགཔ་ཅིག་གིས་ བསགས་ཡོདཔ་ད་ ཉིནམ་རེ་ལུ་ སྒྲོལ་མ་༢༠,༠༠༠ དེ་རེ་ བསགས་སྦྱང་གནངམ་ཨིན་པས།


ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ ལོ་བསྟར་བཞིན་དུ་ སྒྲོལ་མ་བསགས་ནིའི་ ལས་རིམ་འགོ་འདྲེན་འཐབ་དགོ་མིའི་དམིགས་ཡུལ་དེ་ སྤྱིར་ རྒྱལ་ཁབ་ཀྱི་ སྐུ་རིམ་དང་ འཛམ་གླིང་ཞི་བདེ་ སྒོས་སུ་ མི་སེར་གྱི་ རེ་འདོད་ཇི་བཞིན་དུ་འགྲུབ་ཚུགས་པའི་ སྒྲོལ་མ་༢༡ ཡོད་པའི་གྲས་ལས་ སྒྲོལ་དཀར་དེ་ བསགས་གནང་དོ་ཡོདཔ་ལས་ ནོར་ལོངས་སྤྱོད་དང་ འཕྲིན་ལས་ལྷུན་གྱིས་འགྲུབ་སྟེ་ བྱིན་གྱིས་རླབས་ནིའི་དོན་ལུ་ཨིན་པས།

འགོ་འདྲེན་འཐབ་མི་ གཞུང་གྲྭ་ཚང་གི་ མགྲིན་ཚབ་ཅིག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ རྗེ་བཙུན་སྒྲོལམ་དེ་ ཐེག་ཆེན་གྱི་ལྷ་ ཐུན་མོང་མ་ཡིན་པ་ཅིག་ཨིནམ་ལས་ རང་གིས་ མ་སྦྱང་པའི་ཧེ་མ་ར་ འཁོར་བའི་སེམས་ཅན་ཐམས་ཅད་ ཐར་པའི་གོ་འཕང་འཐོབ་བཅུག་ཟེར་ ཀུན་སློང་རྣམ་པར་དག་པའི་ཐོག་ལས་ བསགས་དགོ་ཟེར་ཨིན་པས།


སྒྲོལ་མ་བསགས་པའི་སྐབས་ བྱ་བའི་རྒྱུད་འབད་མི་ལུ་བརྟེན་ ཁ་དང་ ལགཔ་ གཟུགས་ལུ་ ཤ་དང་ཆང་ཚུ་གི་རེག་པ་ སྤང་སྟེ་ གཙང་སྦྲ་དང་ལྡན་པའི་ཐོག་ལས་ སྒྲུབ་དགོ་ནི་ཨིནམ་མ་ཚད་ རང་ལུ་ དགོཔ་ག་ཅི་ཨིན་ན་ གནད་དོན་ ག་ཅི་གི་དོན་ལུ་ བསགསཔ་ཨིན་ན་ དམིགས་པ་བསྐྱེད་དེ་ བསགས་དགོཔ་གལ་ཆེ་ཟེར་ཨིན་པས།


སྒྲོལ་མ་བསགས་པའི་ཕན་ཡོན་དེ་ ནད་མུག་འཁྲུག་རྩོད་ཞི་སྟེ་ རྒྱུ་ནོར་ལོངས་སྤྱོད་འཕེལ་ནི་ རྨི་ལམ་ངན་པ་སེལ་ནི་ ཚེ་སྲོག་ཡར་སེང་འགྱོ་ནི་ དབང་རྟ་ ཀླུང་རྟ་འབར་ནི་ བྱ་བ་ལམ་འགྲོ་ལེགས་ཤོམ་འོང་ནི་ རྐྱེན་བར་ཆད་མི་འབྱུང་ནི་ ཚེ་འདི་དང་ཕྱི་མ་༢ ལུ་ བདེ་སྐྱིད་འབྱུང་ ཐབས་ལུ་ ཕན་ཡོན་བསམ་གྱིས་མི་ཁྱབ་སྦེ་ ཡོདཔ་ཨིན་པས།


དུས་ཅི་ མི་སེར་ག་རའི་དོན་ལུ་ གནས་ཚུལ་གསར་ཤོག་ཚུ་ནང་ ཁྱབ་སྤེལ་འབད་མི་ལུ་བརྟེན་ དད་ཅན་གྱི་སྐྱ་སེར་ཕོ་མོ་ བརྒྱ་ལས་བཅད་དེ་ ཕྱག་འཚལ་ སྐོར་བ་རྐྱབ་ ཚོགས་དམངས་ལུ་གསོལཝ་ཚོགས་དྲང་ སྙན་དར་ཕུལ་ ཕྱག་འགྱེདཔ་དྲང་ ཞལ་འདེབས་ཕུལ་ དེ་ལས་ སྨོན་ལམ་ཚུ་ བཏབ་པར་ འོང་མི་ལེ་ཤ་འདུག་ཟེར་ཨིན་པས།


ཕྱག་འགྱེདཔ་དྲང་མི་ཚུ་གི་ གྲས་ལས་ སྐྱེས་ལོ་༢༧ འབད་མི་ སྐལ་བཟང་བཀྲིས་དེ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དུས་ཅི་གི་ལོ་དེ་ནང་ སྒྲོལ་མ་འབུམ་བསགས་པའི་སྐབས་ལུ་ ཕྱག་འགྱེདཔ་དྲང་ནི་དང་ སྨོན་ལམ་ཚུ་ བཏབ་དགོཔ་གལ་ཆེཝ་སྦེ་ ཐོན་མི་ལུ་བརྟེན་ འོང་ཡི་ཟེར་ ཨིན་པས།


རང་གི་ཁྱིམ་ནང་ ཉིན་བསྟར་གྱི་ལཱ་ལུ་བརྟེན་ ཁ་ལས་མ་ཎི་དང་ བཛྲ་གུ་རུ་བགྱང་ནིའི་ གོ་སྐབས་ཡང་ ཐོབ་མི་ཚུགསཔ་ལས་ ད་རེས་ ཐིམ་ཕུ་རྫོང་ནང་ རྡོ་རྗེ་སློབ་དཔོན་མཆོག་གིས་དབུ་བཞུགས་ཐོག་ འཕགས་པའི་དགེ་འདུནམ་ཚུ་གིས་ སྒྲོལ་མ་བསགས་གནང་ས་ལུ་ རང་གིས་ ཞལ་འདེབས་དངུལ་ཀྲམ་༡༠༠ ཕུལ་ཚུགས་མི་གིས་ བསམ་པ་རྫོགས་ཅི་ཟེར་ ཨམ་སྲུ་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment