གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་མི་སེར་ཚུ་གིས་ ས་ཁྲམ་དང་མི་རྩིས་ཀྱི་ དཀའ་ངལ་སེལ་ཐབས་ལུ་དྲིས་བཀོད།

 
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ 
ཚེ་རིང་སྟོབས་རྒྱས་ཀྱིས་ བསམ་རྩེ་རྡོ་རོ་ཁ་ལུ་ བསྐུལ་བསྒྲགས་འབད་བའི་བསྒང།

༉ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བསམ་རྩེ་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ ལྷོ་མཚམས་ཀྱི་ ཁ་སྐད་ཐོག་ལས་ མི་སེར་ཚུ་ལུ་ རང་གི་ཞིང་ཁའི་ལཱ་གིས་ དལ་ཁོམས་མེད་དེ་འབད་རུང་ གྲོས་འཛོམས་ནང་ བཅའ་མར་གཏོགས་པར་ འོང་མི་དེ་ལུ་ བཀྲིན་ཆེ་ཟེར་ སླབ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ ལྷོ་མཚམས་པའི་ཁ་སྐད་ ལེགས་ཤོམ་ཅིག་སྦེ་ མ་ཤེས་ནི་དེ་གིས་ གསལ་བཤད་ཚུ་ ཚོགས་པའི་འདེམས་ངོ་ཚུ་གིས་ སྐད་བསྒྱུར་འབད་དེ་ སླབ་ཡོདཔ་ཨིན་པས།


བསམ་རྩེ་རྡོ་རོ་ཁ་ལུ་འབད་བ་ཅིན་ རྒེད་འོག་གི་གཡུས་སྒོ་ཚུ་ ས་ཐག་རིང་ནི་དེ་གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་པར་འགྱོ་མི་ ཕོ་སྐྱེས་ཚུ་གིས་ ཁོང་རའི་གོ་དེ་ ཕྱག་ལྟག་གུ་ལས་མར་ དཔྱངས་ཞིནམ་ལས་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ འགོ་བཙུགས་མི་ གྲོས་འཛོམས་ནང་ ལྷོད་ཚུགས་ནིའི་དོན་ལུ་ ཁོང་རའི་ཁྱིམ་ནང་ལས་ དྲོ་པའི་ཆུ་ཚོད་༧ ལས་ ཐོན་སོང་ཡོདཔ་ཨིན་པས།

རྡོ་རོ་ཁ་ འབྲིང་རིམ་སློབ་གྲྭ་བར་མའི་ ལྟོ་བཟའ་ཁང་ནང་ འགོ་འདྲེན་འཐབ་མི་ ཚོགས་པའི་གྲོས་འཛོམས་ནང་ མི་སེར་༢༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ཁོང་གིས་ དྲི་བ་ཟེར་རུང་ ས་ཁྲམ་དང་ མི་རྩིས་ཀྱི་ དཀའ་ངལ་ཡོད་ལུགས་ཀྱི་སྐོར་ལས་ཨིན་པས།


རྡོ་རོ་ཁ་ བིས་གའུན་ལས་ ཨའེ་བི་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷོ་མཚམས་ཀྱི་ མི་སེར་ལ་ལུ་ཅིག་ལུ་ མི་རྩིས་ཀྱི་དཀའ་ངལ་ཡོད་ནི་དེ་གིས་ རང་ལུ་ ཤེས་ཚད་ག་དེམ་ཅིག་ཡོད་རུང་ ཤུལ་ལས་ ལཱ་གཡོག་འཚོལ་བར་འགྱོཝ་ད་ ཡིག་ཆ་ཚུ་ཚངམ་སྦེ་ གཏོན་ནི་མེད་པའི་བསྒང་ལས་ དཀའ་ངལ་བྱུངམ་མ་ཚད་ སློབ་རིམ་༡༢ པ་ མཇུག་བསྡུ་བའི་བསྒང་ལས་ ཁྱིམ་ནང་གི་ ལཱ་གཡོག་འབད་དེ་ སྡོད་ནི་མ་གཏོགས་ གཞན་གདམ་ཁ་ག་ཅི་ཡང་ མིན་འདུག་ཟེར་ ཨིན་པས།


ཁོ་གིས་འབད་བ་ཅིན་ མི་རྩིས་ཀྱི་ དཀའ་ངལ་རྐྱངམ་གཅིག་མེན་པར་ ལག་ཁྲམ་མ་ཐོབ་པའི་ དཀའ་ངལ་ཡང་ཡོད་ཟེར་ཨིན་པས། 


གཡུས་སྤངས་ཏེ་འགྱོ་མི་ཚུ་ ཧེ་མ་ལས་ར་ འགྱོ་ཚར་ཏེ་འབད་རུང་ ད་ལྟོའི་བར་ན་ཡང་ ས་ཆ་བདག་དབང་བཟུང་སྟེ་སྡོད་པའི་ མི་སེར་ཚུ་གི་ ལག་ཁྲམ་ཚུ་ མ་ཐོབ་པར་ཡོད་ཟེར་ཨིན་པས།


ཚོགས་པའི་གཙོ་འཛིན་གྱིས་ དེ་གི་ལན་ལུ་ མི་རྩིས་མེད་མི་ཚུ་ ཐོ་བཀོད་འབད་བྱིན་ནི་དང་ མི་སེར་ཚུ་ལུ་ ལག་ཁྲམ་གྱི་ སྐྱིད་སྡུག་གནང་ནི་དེ་ གཞུང་གི་ཕྱག་ལུ་མེད་ཟེར་ སླབ་ཨིན་པས། 


དེ་འབདཝ་ད་ མི་རྩིས་ནང་ ཐོ་བཀོད་བསྒྲུབ་ཚུགས་ནིའི་དོན་ལུ་ གཞུང་གིས་ ཆ་རོགས་འབད་ཚུགས་ནི་ཨིན་རུང་ ད་ལྟོ་ཚུན་ཚོད་ འབད་མ་བྱིན་པས་ཟེར་ཨིན་པས། 


ག་དེམ་ཅིག་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ མི་སེར་ཚུ་ལུ་ མི་རྩིས་ཐོ་བཀོད་འབད་ནིའི་ནང་ ཆ་རོགས་འབད་བྱིན་ནི་ཨིན་ཟེར་ཨིན་པས།


རྡོ་རོ་ཁའི་ གྲོས་འཛོམས་མཇུག་བསྡུ་བའི་ཤུལ་ལས་ ས་སྨུག་དང་ཆརཔ་ནང་ སྣུམ་འཁོར་བདའ་སྟེ་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སེང་ལྡན་དང་ པཱན་བ་རི་གི་ མི་སེར་༡༥༠ ལྷགཔ་ཅིག་དང་གཅིག་ཁར་ གྲོས་འཛོམས་འཚོགས་ཡོདཔ་ཨིན།


པཱན་བ་རི་ལུ་ གྲོས་འཛོམས་འཚོགས་པའི་སྐབས་ མི་སེར་ཚུ་གིས་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ལུ་ ཁོང་གི་ཨ་ལུ་ཚུ་ ད་ལྟོའི་བར་ན་ཡང་ སློབ་གྲྭ་ནང་ ལྷོད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢ དང་ཕྱད་དེ་ཅིག་ རྐང་ཐང་འགྱོ་དགོ་པས་ཟེར་ སླབ་ཨིན་པས།


ཚོགས་པའི་འདེམས་ངོ་ ཊེག་བྷ་དུར་ སུ་བྷ་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ ཐག་རིང་སྡོད་མི་ སློབ་ཕྲུག་ཨ་ལུ་ཚུ་གི་དོན་ལུ་ སློབ་གྲྭ་དེ་ དུས་ཡུན་ཆུ་ཚོད་༡ རྐྱངམ་གཅིག་ ལམ་འགྱོ་དགོཔ་བཟོ་ནི་ཟེར་ ཁས་བླངས་འབད་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ དུས་ཡུན་ཆུ་ཚོད་༢ ལས་ལྷགཔ་སྦེ་ ལམ་འགྱོ་དགོ་པས་ཟེར་ སླབ་ཨིན་པས། 


ཨིན་རུང་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ གདམ་ཁ་རྐྱབ་པ་ཅིན་ ཁོང་གིས་ དེ་བཟོ་ར་བཟོ་ཚུགས་ཟེར་ ཁས་བླངས་འབད་ཡོདཔ་ཨིན།


དེ་མ་ཚད་ མི་སེར་ཚུ་གིས་ ཚོགས་པའི་གཙོ་འཛིན་ལུ་ ཨ་མོ་ཆུའི་ ལས་འགུལ་དེ་གིས་ ཁོང་གི་ས་ཆ་ གཞུང་ལུ་ཤོར་ཡོདཔ་མ་ཚད་ རྒུད་འཐུས་ཚུ་ ལེགས་ཤོམ་མ་ཐོབ་མི་ལུ་བརྟེན་ སེམས་མ་དགའ་ཟེར་ སླབ་ཡོདཔ་ཨིན།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ རྒུད་འཐུས་ཀྱི་སྐོར་ལས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།


བསམ་རྩེ་ ཅེང་མ་རི་ སྤག་ལི་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ གྲོས་འཛོམས་དོན་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ བསྒུགས་སྡོད་དགོཔ་ཐོན་ཡོདཔ་ད་ དེ་ནང་ ཚོགས་པའི་གཙོ་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་གི་ཁས་བླངས་གསལ་བསྒྲགས་ལུ་ དམའ་ཕབ་རྐྱབ་ཡོད་པའི་སྐོར་ལས་ མི་སེར་ཚུ་ལུ་ གསལ་བཤད་ཡོདཔ་ཨིན།


མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ བསམ་རྩེ་ཅེང་མ་རི་(ནོར་བུ་སྒང་)དང་ བསྟན་འབྲུ་ དེ་ལས་ སིབ་སུ་གི་ མི་སེར་ཚུ་དང་ འཛོམས་འདུ་རྐྱབ་སྟེ་ ཁས་བླངས་གསལ་བསྒྲགས་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ བཤད་བྱིན་ཡོདཔ་ད་ ད་རིས་ བསམ་རྩེ་སྒོམ་ཀྲུ་ལུ་ སྤྱིར་བཏང་གྲོས་འཛོམས་འཚོགས་ཞིནམ་ལས་ ཕུན་ཚོགས་གླིང་ལུ་ འགྱོ་ནི་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།


No comments:

Post a Comment