གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པ་མཉམ་བསྡོམས་འབད་བའི་སྒྲུབ་བྱེད་གསལ་སྟོན?

༢༦/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ བརྡ་བརྒྱུད་ཚུ་ལུ་ ད་རུང་ ཁ་གསལ་འབད་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ མཉམ་བསྡོམས་ཨིན་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།


འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱི་ གསལ་བཤད་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ མི་སེར་ཚུ་ལུ་ སྲིད་ཚོགས་༢ མཉམ་བསྡོམས་ཨིན་པའི་ བརྡ་ལོག་གསལ་བཤད་འབདཝ་མས་ཟེར་བའི་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ད་རུང་ སྙན་ཞུ་དེ་ ཡང་བསྐྱར་གསལ་བཤད་འབདཝ་ཨིན་པས།
བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཀོད་འབད་མིའི་ནང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ངོ་མ་ར་ སྲིད་ཚོགས་༢ ཀྱི་བར་ན་ དེ་བཟུམ་མའི་ གནད་དོན་འབྱུང་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ཨིན་ཟེར་ཨིན་པས།
སྲིད་ཚོགས་༢ མཉམ་བསྡོམས་ཨིན་པའི་སྒྲུབ་བྱེད་དེ་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གྲོས་འཛོམས་ཚོགས་པའི་སྐབས་ དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ གསལ་བཤད་འབད་མི་དེ་ནང་ གསལ་བཀོད་འབད་ཡི་ཟེར་ཨིན་པས།
དེ་ཡང་ བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ དམངས་གཙོ་ཚོགས་པའི་གཙོ་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འདེམས་ངོ་གསརཔ་སོར་ཡོད་མི་ འགོ་ཐོག་བཙག་འཐུའི་སྐབས་ཀྱི་ འདེམས་ངོ་ཚུ་ག་ར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གཏན་འཁེལ་འབད་ཡོད་པའི་ འདེམས་ངོ་ཚུ་མེན་ཟེར་ སླབ་ཅི་ཟེར་ཨིན་པས།
ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ སྲིད་ཚོགས་༢ པོ་དེ་ ཧེ་མ་ལས་ མཉམ་བསྡོམས་འབད་ནིའི་ འཆར་གཞི་མེད་པ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ལས་ར་ འདེམས་ངོ་ཚུ་ གཏན་འཁེལ་འོང་དགོ་པའི་ཁར་ ཡང་ཅིན་ འདེམས་ངོའི་ཚབ་ཚུ་ཡང་ མཉམ་རུབ་ཚོགས་པའི་འདེམས་ངོ་ཚུ་མེན་པར་ ཕྱི་ཁ་ལས་ འཐོན་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ དམངས་གཙོ་ཚོགས་པའི་འདེམས་ངོ་གསརཔ་ བཙུགས་མི་ཚུ་ག་ར་ མཉམ་རུབ་ཚོགས་པའི་ནང་ལས་ བཙུགས་ཡོདཔ་ད་ དེ་ལུ་ལྟ་བ་ཅིན་ འཆར་གཞི་དེ་ ཧེ་མ་ལས་ར་ སྡོད་ནུག་ཟེར་ཨིན་པས།
དེ་མ་ཚད་ མཉམ་རུབ་ཚོགས་པའི་ནང་ལས་ དགོངས་ཞུ་ཐོག་ དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ འཛུལ་མི་ཚུ་ག་ར་ མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ཚུ་ཨིནམ་ལས་ ཚོགས་པའི་འཐུས་མི་སྤྱིར་བཏང་མེན་པའི་ཁར་ ད་རུང་ མཉམ་རུབ་ཚོགས་པ་དེ་ཡང་ སྲིད་ཚོགས་ཐ་དད་ཅིག་གི་ བདག་དབང་ལུ་ རྒྱུན་སྐྱོང་འཐབ་སྟེ་ར་ འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ སྲིད་ཚོགས་༢ དང་ ཚོགས་པའི་འགོ་ཁྲིདཔ་ཚུ་རྐྱངམ་གཅིག་མེན་པར་ རྫོང་ཁག་དང་ འདེམས་ཁོངས་གནས་ཚད་ནང་ཡང་ མཉམ་བསྡོམས་འབད་ནི་གི་ འཆར་གཞི་སྡོད་ནུག་ཟེར་ཨིན་པས།
དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ མཉམ་རུབ་ཚོགས་པའི་འདེམས་ངོ་ལས་ཐོན་ཏེ་ དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ཐོན་མི་ཅིག་གིས་ ཨུ་མཛོ་རོང་ལུ་ མཉམ་རུབ་ཚོགས་པ་དང་ དམངས་གཙོ་ཚོགས་པ་གིས་མ་ཚད་ འབྲུག་སྤྱིར་དབང་ཚོགས་པ་ཡང་ མཉམ་བསྡོམས་ཨིནམ་སྦེ་ མི་མང་ལུ་ གསལ་བཤད་འབད་ནུག་ཟེར་ཨིནམ་ད་ དེ་ལས་ལྷག་པའི་སྒྲུབ་བྱེད་གཞན་ དགོཔ་མིན་འདུག་ཟེར་ཨིན་པས།
ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ སྲིད་ཚོགས་༡ གིས་ ཚོགས་པ་༢ དང་ ཡང་ཅིན་༣ ལུ་ ཁག་དབྱེ་སྟེ་བཟོ་ཞིནམ་ལས་ རྒྱལ་ཁབ་དབུ་སྐོར་རྐྱབ་ནུག་ཟེར་ཨིནམ་ད་ ཚོགས་པ་རེ་གི་འདེམས་ངོ་རེ་ལུ་ གཞུང་ལས་ བཙག་འཐུའི་མ་དངུལ་ཐོབ་ནི་ཨིན་མི་དེ་ ཚོགས་པ་ཅིག་གིས་ འདེམས་ངོ་༣ རེའི་ མ་དངུལ་ལེན་ནུག་ཟེར་ཨིན་པས།
ཐབས་ཤེས་དེ་གི་ཐོག་ལས་ འབྲུག་ཕུན་སུམ་ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ཐད་ཀར་དུ་ དམངས་གཙོ་ཚོགས་པ་ལུ་ རྒྱབ་མི་འབད་ནི་ཨིནམ་ཤེས་ཞིནམ་ལས་ ཚོགས་པ་དེ་གིས་ ཚོགས་པ་གཞན་གསརཔ་ སོ་སོར་ཁག་དབྱེ་སྟེ་ ཕུན་སུམ་ཚོགས་པའི་རྒྱབ་སྐྱོར་བ་ཚུ་ དམངས་གཙོ་ཚོགས་པའི་ཁ་ཐུག་ལུ་ ལེན་ཐབས་འབད་ནུག་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༦ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཕུན་སུམ་ཚོགས་པ་དང་ དམངས་གཙོ་ཚོགས་པའི་གཙོ་འཛིན་དང་ མཉམ་རུབ་ཚོགས་པའི་ ངོ་ཚབ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་ཏེ་ ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ གནད་དོན་དེ་ལུ་ དྭངས་གསལ་སོང་བའི་ ཡིད་ཆེས་འདྲོངས་དགོཔ་སྦེ་ བཀོད་ཡོདཔ་ཨིན་རུང་ ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ལུ་ དུས་ཚོད་ལེན་ཐོག་ལས་ དབྱེ་ཞིབ་མཐིལ་ཕྱིན་འབད་དེ་ གྲོས་ཆོད་བཏོན་དགོཔ་སྦེ་ ཞུ་བ་འབད་ཡི་ཟེར་ཨིན་པས།
བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ གནད་དོན་དེ་ སྙན་ཞུ་ཅིག་ཨིན་པའི་ཁར་ ཕུན་སུམ་ཚོགས་པ་དང་ འབྲུག་མི་ཚུ་ལུ་ སྲིད་ཚོགས་༢ པོ་དེ་ མཉམ་བསྡོམས་མིན་པའི་ ཡིད་ཆེས་འདྲོངས་རུང་གི་ སྒྲུབ་བྱེད་གསལ་བཀོད་མ་འབད་ཚུན་ཚོད་ སྙན་ཞུ་ཅིག་སྦེ་ར་གནས་འོང་ཟེར་ཨིན་པས།
དེ་མ་ཚད་ ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་དང་ དམངས་གཙོ་ཚོགས་པ་གིས་ འབྲུག་མི་ཚུ་དང་ ཕུན་སུམ་ཚོགས་པ་ལུ་ སྲིད་ཚོགས་མཉམ་བསྡོམས་ཀྱི་གཞུང་དང་ མཉམ་བསྡོམས་ཀྱི་ལྡོག་ཕྱོགས་མི་འོང་ནི་ཨིནམ་སྦེ་ དོགས་སེལ་མ་འབད་ཚུན་ཚོད་ གནད་དོན་དེ་ཁར་ གྲོས་བསྡུར་དང་གསལ་བཤད་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ཨིན་པས།
གནད་དོན་དེ་དང་འབྲེལ་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ སྲིད་ཚོགས་མཉམ་བསྡོམས་ཀྱི་ལོ་རྒྱུས་ཚུ་ བསྐུལ་བསྒྲགས་གསལ་བཤད་ནང་ ག་ཏེ་ཡང་ སླབ་དོ་ཡོདཔ་སྦེ་ ཉོགས་བཤད་བཙུགས་་ཡོདཔ་ཨིན་པས།
དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ དེ་སྦེ་ སྲིད་ཚོགས་མཉམ་བསྡོམས་ཀྱི་ལོ་རྒྱུས་ཚུ་ གསལ་བཤད་འབད་མི་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ མཉམ་རུབ་ཀྱི་འདེམས་ངོ་ཚུ་ དམངས་གཙོ་ཚོགས་པའི་ནང་ འཛུལ་ཆོག་པའི་གནང་བ་བྱིན་མི་ལུ་ དོ་འགྲན་འབདཝ་ཨིན་པའི་ གསལ་སྟོན་འབདཝ་མས་ཟེར་ ཚོགས་པའི་གཙོ་འཛིན་འོག་མ་ དམ་ཆོས་རྡོ་རྗེ་གིས་ ཉོགས་བཀོད་ཞུ་ཡིག་ནང་བཀོད་ནུག།
ད་རུང་ ཁོ་གིས་བཀོད་མིའི་ནང་ ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ ཚོགས་རྒྱན་ཐོབ་ཐབས་ལུ་ འབྲུག་གི་མི་སེར་ཚུ་ མགུ་འཐོམ་བཅུག་དོ་ཟེར་བཀོད་ནུག།
མཉམ་རུབ་ཚོགས་པའི་ངོ་ཚབ་ཀྱིས་ཡང་ ཕུན་སུམ་ཚོགས་པའི་ ཉེས་འཛུགས་དེ་ལུ་མ་བདེནམ་སྦེ་ གསལ་བཤད་འབད་ཡོདཔ་མ་ཚད་ ཁོ་གིས་འབད་བ་ཅིན་ མཉམ་རུབ་ཚོགས་པ་དེ་ དམངས་གཙོ་ཚོགས་པ་དང་མཉམ་བསྡོམས་འབད་ནུག་ཟེར་མི་དེ་ མི་བདེན་ཟེར་ཨིན་པས།
མཉམ་རུབ་ཚོགས་པའི་གཙོ་འཛིན་འོག་མ་ ཨ་ཅུད་ བཱན་ད་རི་གིས་ སླབ་མིའི་ནང་ ཕུན་སུམ་ཚོགས་པ་དང་ དམངས་གཙོ་ཚོགས་པ་༢ ཆ་ར་གིས་ མཉམ་རུབ་ཚོགས་པའི་རྒྱབ་སྐྱོར་བ་ཚུ་ ཚོགས་པའི་ནང་ བཙུགས་ཐབས་འབད་ནི་དང་ མ་བདེན་པའི་གཏམ་གྱི་ཐོག་ལས་ ཚོགས་པའི་མིང་གཏམ་མེདཔ་བཟོ་ནི་ལས་ འཛེམ་གནང་ཟེར་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment