གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་གཉིས་ཆ་ར་གིས་ བྱ་སྟབས་མ་བདེཝ་སྦོམ་མ་ཐོན་པའི་དོགས་སེལ།

༢༠/༦/༢༠༡༣   ༉ བཀྲིས་སྒང་རྫོང་ཁག་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱི་བར་ན་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ ཁ་ཉེས་བཀལ་ཐོག་ལས་ མོས་མཐུན་བྱུང་མ་ཚུགས་པའི་སྐོར་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་ལུ་ འདེམས་ངོ་གཉིས་ཆ་རའི་ ཁ་ཐུག་ལས་ དོགས་སེལ་འབདཝ་ཨིན་པས།
འཆམ་མཐུན་སྦེ་ སྡོདཔ་ཨིན་ཟེར་སླབ་མི་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་དང་ ནོར་བུ་དབང་ཕྱུག་གཉིས།


དེ་ཡང་ གསར་ཤོག་དང་ རྒྱང་བསྒྲགས་ཀྱི་ བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ནང་ བྱ་སྟབས་མ་བདེཝ་སྦོམ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན་རུང་ ས་ཁོངས་གནས་རིམ་ནང་ དཀའ་ངལ་ཕྱམ་ཕྱིམ་ཅིག་ལས་བརྒལ་ མ་ཐོནམ་ལས་ འདེམས་ངོ་གཉིས་ཆ་ར་ལུ་ རྒྱལ་ཡོངས་ལུ་ དོགས་སེལ་ཞུ་དགོཔ་ གལ་ཆེཝ་སྦེ་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ང་དང་ ཨ་ཏ་ནོར་བུ་དབང་ཕྱུག་གི་བར་ན་ ཧེ་མ་ཡང་ འཆམ་ཏོག་ཏོ་སྦེ་ སྡོད་ཡོདཔ་མ་ཚད་ ད་ལྟོ་འབད་རུང་ ང་བཅས་གཉིས་འཆམ་ཟེར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ཡང་ ཁོ་དང་ འཕྲིན་ལས་དཔལ་ལྡན་རྡོ་རྗེའི་བར་ན་ སྟབས་མ་བདེཝ་ག་ཅི་ཡང་ མ་ཐོན་ཟེར་ སླབ་ཨིན་མས།
ང་གིས་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་དང་ དུས་རྒྱུན་དུ་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ ནོར་བུ་དབང་ཕྱུག་གིས་ བཤད་པའི་ཁར་ ང་བཅས་གཉིས་ཆ་ར་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ མནོ་བསམ་བཏངམ་ཨིནམ་ ཧ་གོ་ཟེར་ སླབ་ཨིན་པས།
འདི་འབདཝ་ད་ ང་བཅས་ཀྱི་ འདེམས་ཁོངས་ནང་ གནས་སྟངས་ཨ་རྟག་བཟུམ་སྦེ་ཡོད་རུང་ མི་མང་ལུ་ མ་བདེན་པའི་ ལོ་རྒྱུས་ཚུ་ གསལ་སྟོན་འབད་མི་དེ་ སེམས་ཕམ་བྱུང་པའི་ གཞི་དོན་ཅིག་ཨིན་མས་ཟེར་ འཕྲིན་ལས་དཔལ་རྡོ་རྗེ་གིས་ སླབ་ཨིན་པས།
འཕྲལ་ཁམས་ཅིག་ལས་ འདེམས་ཁོངས་ནང་ སྲིད་ཚོགས་གཉིས་ཆ་རའི་ ཁ་ཐུག་ལས་ གཅིག་ཤུལ་གཉིས་ཤུལ་སྦེ་ ཉོགས་བཤད་བཀོད་མི་ལུ་བརྟེན་ འདེམས་ཁོངས་ཀྱི་ མིང་གཏམ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
འདས་པའི་ཉིནམ་དག་པ་ཅིག་ནང་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ ཉོགས་བཤད་ཡི་ཞུ་༣ བཙུགས་ཡོད་མི་ལས་༢ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་འགལ་ལུ་དང་༡ འབྲུག་ཕུན་སུམ་ཚོགས་པའི་སྐོར་ལས་ཨིན་པས།
ཉོགས་བཤད་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ སྲིད་ཚོགས་གཞན་གསུམ་དང་ མཉམ་བསྡོམས་འབད་མི་དང་ ཨུ་མཛོ་རོང་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ ལཱ་འབད་མི་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཁ་ཐུག་ལུ་ བསྐུལ་བསྒྲགས་འབད་བའི་སྐོར་ཨིན་པས།
དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཕུན་སུམ་ཚོགས་པ་དང་ མཉམ་འབྲེལ་གཞི་བཙུགས་པ་ལུ་ སྒེར་གྱི་རྒྱུ་དངོས་ལག་ལེན་འཐབ་ཐོག་ལས་ ལྷ་ཁང་ཅིག་ལུ་ ཆུ་ཧོད་བེ་རེལ་བགོ་བཀྲམ་འབད་བའི་ཁར་ ཆུ་དུང་དང་ ཁྱིམ་ཏོག་བགོ་སྤྲོད་འབད་ནི་གི་ ཁས་བླངས་འབད་ཡོད་པའི་སྐོར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
འདེམས་ངོ་གཉིས་ཆ་ར་གིས་ སླབ་མིའི་ནང་ ཁོང་གིས་ ཉོགས་བཤད་བཀོད་མི་ཚུ་ དམངས་གཙོའི་རིང་ལུགས་ ལེགས་ཤོམ་འབྱུང་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment