གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སིབ་སུ་འདེམས་ཁོངས་ནང་ བཙག་འཐུའི་དོ་འགྲན་ སྒྲིང་སྒྲིང་འབྱུང་ནི།

༢༡/༦/༢༠༡༣   དེ་ཡང་ འདེམས་ངོ་ཅིག་ལུ་ སྤྱི་ཚོགས་ནང་ ལོ་༥ ཕྱག་ཞུ་བའི་ ཉམས་མྱོང་ལུ་བརྟེན་ རྒྱལ་ཁ་འཐོབ་ནི་བཟུམ་ཡོད་རུང་ འདེམས་ངོ་གཞན་མི་དེ་གིས་ སྡི་ཆེ་བའི་ ཚོགས་རྒྱན་འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
༉ བསམ་རྩེ་བཀྲིས་ཆོས་གླིང་(སིབ་སུ) འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༨ ལང་མི་ དུར་ག་པར་སཱད་ཀྱིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ རི་ཏུ་རཱཇ་ ཆེ་ཏི་རི་དང་ཕྱདཔ་ད་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོདཔ་ཨིན་རུང་ འདེམས་ཁོངས་ནང་ ཁོང་གཉིས་ཆ་ར་ ཡོངས་གྲགས་འདྲན་འདྲ་ཡོདཔ་ལས་ དོ་འགྲན་ཅན་ འབྱུང་ནི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དུར་ག་པར་སཱད་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རི་ཏུ་རཱཇ་ ཆེ་ཏི་རི།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ མི་མང་རྩོད་བསྡུར་འབདཝ་ད་ དུར་ག་པར་སཱད་ཀྱིས་ ད་ཚུན་གྱི་བར་ན་ ཁོ་རའི་ སྲིད་ཚོགས་ལུ་ ཁ་ཉེས་དང་ སྐྱོན་བརྗོད་མ་འདྲཝ་ལེ་ཤ་འབད་མི་དང་ ཁོ་ར་ལུ་ རྒྱབ་སྲུང་འབད་ཐོག་ བདེན་ཁུངས་ཚུ་ དྲག་བསྐྱེད་དེ་ བཀལ་མི་ལུ་བརྟེན་ ཙིགཔ་ཟ་བའི་ རྣམ་འགྱུར་སྟོན་དོ་བཟུམ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ རྒྱང་མཐོང་ལྟ་མི་ཚུ་ལུ་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ད་ བསམ་རྩེ་རྫོང་ཁག་ནང་ལས་ཡང་ དམིགས་བསལ་དུ་ བཀྲིས་ཆོས་གླིང་གི་ མི་སེར་ཚུ་གིས་ ཁོ་ ཁོང་ཁྲོ་ལང་ལངམ་དང་ རྩུབ་དྲགས་སྦེ་ སླབ་སླབ་མེནམ་ ཧ་གོ་མི་དེ་ཡང་ ཁོ་གི་ བློ་སླབ་ཐངས་དང་ ཡང་ཅིན་ རྣམ་འགྱུར་སྟོན་ཐངས་དེ་ རང་གཤིས་ཅིག་ འབད་ནི་དེ་གིས་ཨིན་པས།
དེ་མ་ཚད་ མི་མང་རྩོད་བསྡུར་དེ་ཡང་ དུར་ག་པར་སཱད་གིས་ འཛོམས་འདུ་ནང་འོང་མི་ཚུ་ལུ་ ཉིན་ལྟོ་བྱིན་པའི་ ཁ་ཉེས་བཀལ་བའི་ཤུལ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀའ་བཀྱོན་གནང་བའི་ དུས་མཉམ་ལུ་ ཕོག་ནི་དེ་གིས་ ཁོང་ཁྲོ་ལང་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུང་ནུག།
ཞལ་འཛོམས་ཁང་ནང་ ལྟ་རྟོག་པ་དག་ཅིག་གིས་ འདེམས་ངོ་དེ་གིས་ དྲག་བསྐྱེད་དེ་ སླབ་དོ་བཟུམ་སྦེ་ མཐོང་ཡོད་རུང་ བརྗོད་སྒྲའི་ཐད་ལུ་ ལཱ་ཁག་བཏང་མི་ལུ་ལྟཝ་ད་ ཁོ་གིས་ རྫོང་ཁའི་མིང་ཚིག་ཚུ་ བློ་ལུ་བཟུང་ཡོདཔ་བཟུམ་ མཐོང་གསལ་བྱུང་ནུག།
རྩོད་བསྡུར་གྱི་སྐབས་ལུ་ འདེམས་ངོ་གཉིས་ཆ་ར་གིས་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་ནི་དང་ ཁ་བཏང་མི་ལུ་བརྟེན་ མི་མང་རྩོད་བསྡུར་མེན་པར་ མི་གཉིས་ཀྱི་བར་ན་ སྐྱོན་བཏགས་ཐོག་ལས་ ཁ་ཤགས་རྐྱབ་དོ་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ དཔེར་ན་ རི་ཏུ་རཱཇ་དེ་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུའི་ནང་ ཕམ་སོང་པའི་ཤུལ་ལས་ གཡུས་ཁར་རྐངམ་ར་ མ་བཀལ་བའི་ སྐྱོན་བརྗོད་འབད་ཡོདཔ་ད་ དུར་ག་པར་སཱད་ཀྱི་ཐད་ལུ་ ཁོ་དང་ ཁོ་རའི་སྲིད་ཚོགས་ཀྱིས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགས་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་ཀྱི་ ཁྲིམས་དོན་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་མི་ རི་ཏུ་རཱཇ་དེ་ རྫོང་ཁ་སླབ་ཐངས་ནང་ ལེགས་ཤོམ་ཡོད་རུང་ རྩོད་བསྡུར་འབད་བའི་ཕྱི་རུ་ འདྲོག་བྱེལ་འཐབ་དོ་བཟུམ་སྦེ་ ཁ་ཡང་འདར་ཏེ་ ལེགས་ཤོམ་སྦེ་ སླབ་མ་ཚུགསཔ་ལས་ ཁོ་ར་གིས་ཁོ་ར་ བློ་སླབ་ནི་ལུ་ བློ་སྤོབས་མ་ཐོབ་བཟུམ་མའི་ མཐོང་སྣང་ཡང་བྱུང་ནུག།
ཨིན་རུང་ ལྷོ་མཚམས་པའི་བརྗོད་གདངས་ཐོག་ ཁོ་གིས་ རྒྱལ་ཁབ་དང་ འདེམས་ཁོངས་ཀྱི་དོན་ལུ་ ཁོ་རའི་ཁས་བླངས་གསལ་བསྒྲགས་ཚུ་ གསལ་བཤད་འབད་ཚུགས་ཡོདཔ་ཨིན་པས།
ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཁ་སླབ་ཐངས་ལུ་ལྟ་སྟེ་ གདམ་ཁ་རྐྱབ་པ་ཅིན་ སིབ་སུ་ཧང་རྒས་གཡུས་ཚན་ལས་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ དུར་ག་པར་སཱད་ལུ་ བཙག་འཐུ་འགྲུབ་ནི་གི་ གོ་སྐབས་ཡོད་མི་དེ་ཡང་ གནས་ཡུན་ལོ་༥ གི་རིང་ ཕྱག་ཞུ་བའི་སྐབས་ སྤྱི་ཚོགས་ནང་ ཚོགས་རིམ་མང་ཤོས་ཅིག་ནང་ ཞུ་ནི་མེད་པར་ ཁུ་སིམ་སི་སྦེ་ སྡོད་ཡོད་རུང་ རྫོང་ཁ་སྦྱང་ནི་དེ་གིས་ཨིན་པས།
ད་རུང་ གོ་སྐབས་གཞན་དེ་ ཞིང་ལམ་དག་པ་ཅིག་མ་གཏོགས་ སློབ་གྲྭ་དང་ སྨན་སྤྲོད་ཁང་ སྨན་ཁང་འབྲིང་མ་ཚུ་ གཞི་བཙུགས་འབད་ཚུགས་ནི་དེ་གིས་ཨིནམ་ད་ མི་མང་འཛོམས་འདུ་ཚུ་ནང་ཡང་ ཁོ་གིས་ འདས་པའི་ལོ་ལྔ་གི་རིང་ལུ་ གོང་འཕེལ་གྱི་ གྲུབ་འབྲས་ག་ཅི་ར་ བཏོན་ཡོདཔ་ཨིན་ན་ གསལ་བཤད་འབདཝ་ཨིན་པས།
དེ་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འདེམས་ངོ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ལས་ གསལ་སྟོན་འབད་མི་དེ་ཡང་ དེ་བསྒང་ ཚོགས་རྒྱན་༣,༨༠༤ བཙུགས་ཡོད་མི་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༡༩༧ ཐོབ་ཡོད་མི་དེ་གིས་ འདེམས་ཁོངས་ལུ་ གཞུང་གསརཔ་དང་ སྤྱི་ཚོགས་ཀྱི་ འཐུས་མི་གསརཔ་དགོ་ནི་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་ལས་ བཟའ་ཚང་འབྱོར་པ་དང་ལྡན་མི་ཅིག་ཨིན་མི་ རི་ཏུ་རཱཇ་གི་ཐད་ལུ་ ཁོ་ར་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་ནང་ ཕམ་སོཔ་ལས་ ད་རིས་ཀྱི་ བཙག་འཐུའི་ནང་ སྡི་ཆེ་བསྐྱེད་བའི་ ཚོགས་རྒྱན་ཐོག་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོདཔ་ད་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོ་ལུ་ སྤྱི་ལོ་༢༠༠༨ ལུ་ གོ་སྐབས་བྱིན་དགོཔ་ སྡོད་ནུག་ཟེར་ཨིན་པའི་ཁར་ གཡུས་ཚན་ནང་ ཁོ་གི་ བཟའ་ཚང་ཚུ་གིས་ ཁས་ལེན་འབད་མི་ཚུ་དང་འཁྲིལ་ ངོས་ལེན་འབད་ནི་ཡོད་མི་ལུ་བརྟེན་ཨིན་པས།
ད་རུང་ རི་ཏུ་རཱཇ་གི་སྐྱེས་ཡུལ་ ནོར་རྒྱས་སྒང་(བཱ་ར) གཡུས་ཚན་དང་ རྒེད་འོག་གཞན་ཚུ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ ཁོ་ལུ་ལྟ་སྟེ་ སེམས་དང་མ་ལྡནམ་ བྱུང་མི་དེ་ཡང་ སྤྱི་ལོ་༢༠༠༨ ལུ་ ཕམ་ཞིནམ་ལས་ གཡུས་ཁར་ཚར་ཅིག་ཡང་ འོང་མ་བཏུབ་ནི་དེ་གིས་ མི་སེར་ཚུ་ སེམས་གྱུར་ཡོདཔ་ལས་ དེ་གིས་ བཙག་འཐུའི་ནང་ ཁོ་ལུ་ གནོད་ནི་བཟུམ་ཡོདཔ་ཨིན་པས།
ཁོ་གིས་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་ཐོབ་མི་དེ་ཡང་ འདས་པའི་ལོ་ངོ་ཚུ་གི་རིང་ལུ་ ཁོ་ལུ་ དཀའ་སྡུག་སྦོམ་བྱུང་པའི་སྐོར་ གསལ་བཤད་འབདཝ་ད་ མི་སེར་ཚུ་ སྡི་ཆེ་ནི་དེ་གིས་ཨིན་པས།
དེ་ལས་ དུར་ག་པར་སཱད་ལུ་ ལོག་བཙག་འཐུ་འགྲུབ་ནི་ལུ་ ལཱ་ཁག་གཏང་ནི་བཟུམ་ཅིག་ཡོད་མིའི་ གནད་དོན་ཅིག་ སྤྱི་ལོ་༢༠༠༨ ལུ་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གཙོ་ཅན་ཅིག་ཨིན་རུང་ ད་ལྟོ་ བསམ་རྩེའི་རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ སངས་རྒྱས་མཁའ་འགྲོ་ལུ་ གོ་སྐབས་མ་བྱིན་ནི་དེ་གིས་ཨིནམ་ད་ འདས་པའི་ཟླཝ་ནང་ ཚོགས་པའི་གཙོ་འཛིན་ སིབ་སུ་ལུ་བྱོན་པའི་སྐབས་ལུ་ཡང་ མི་སེར་ཚུ་གིས་ སངས་རྒྱས་མཁའ་འགྲོ་ལུ་ སྲིད་ཚོགས་ནང་ འཛུལ་ནི་གི་ གོ་སྐབས་ག་ཅི་སྦེ་ མ་གནངམ་ཨིན་ན་ཟེར་ དྲི་བ་ཞུ་ཡོདཔ་ཨིན་པས།
ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སངས་རྒྱས་མཁའ་འགྲོའི་ གདོང་ལུ་ལྟ་སྟེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ ད་རེས་ ཁོ་མེད་མི་ལུ་བརྟེན་ ཚོགས་པ་ལུ་ ཐོ་ཕོག་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
དུར་ག་པར་སཱད་དེ་ སྤྱིར་བཏང་བཙག་འཐུའི་ནང་ རྒྱལ་ནི་གི་ བློ་སྟོབས་ཡོད་རུང་ རི་ཏུ་རཱཇ་གིས་ ཁོ་ལུ་ གོ་སྐབས་ལེགས་ཤོམ་ཡོདཔ་སྦེ་ རེ་བ་བསྐྱེདཔ་ཨིན་པས།
དེ་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ལུ་ གོ་སྐབས་སྒྲིང་སྒྲིང་ཡོདཔ་བཟུམ་ མཐོངམ་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པ་ལུ་ཡང་ ཧ་ལམ་ གོ་སྐབས་འདྲ་མཉམ་མཚམས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment