གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ འབྲུག་རྒྱལ་པོ་མཆོག་གིས་ བློན་ཆེན་དང་ བློན་པོ་༡༠ ལུ་ བདག་རྐྱེན་གནང་ནི།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གཉིས་པ་ཨིན་མས།

༉ ད་རིས་དྲོ་པའི་ཆུ་ཚོད་༡༠ ལུ་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡༠ ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ བདག་རྐྱེན་གནང་ནི་ཨིན་པས།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ འབྲུག་གི་བློན་ཆེན་གཉིས་པ་སྦེ་ བདག་རྐྱེན་གནང་ནི་ཨིནམ་ད་ འབྲུག་པའི་མི་སེར་གྱིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ རྒྱལ་ཁབ་ཀྱི་ སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་སྐབས་ སྤྱི་ཚོགས་དང་པའི་ནང་ ལྡོག་ཕྱོགས་ཚོགས་པ་སྦེ་ བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན།


བཙག་འཐུ་གྲུབ་པའི་ཤུལ་ལུ་ བློན་ཆེན་སྦེ་ གདམ་འཐུ་གྲུབ་མི་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་གཞུང་འདི་ མི་སེར་གྱི་གཞུང་སྦེ་ འཛིན་སྐྱོང་འཐབ་ནི་ཨིནམ་ལས་ འདས་པའི་གཞུང་དང་ མི་འདྲ་ནི་ཨིན་མི་དེ་ཡང་ གཞུང་ལྟེ་བ་ལས་ ས་གནས་གཞུང་ལུ་ ཐད་ཀར་དུ་ དབང་ཚད་ཕྱིར་སྤེལ་གནང་ནི་ཟེར་ཨིན་པས།
ཧཱ་རྫོང་ཁག་ གསང་སྦས་ཁ་ལས་ སྐྱེས་ལོ་༤༧ ལང་མི་ བློན་ཆེན་གསརཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ པིཊསི་བཱག་ལས་ འཕྲུལ་ལས་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་མ་ཚད་ ཡུ་ཨེསི་ཨེ་ ཧར་བཱཌ་གཙུག་ལག་སློབ་སྡེ་ལས་ མི་མང་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་གོང་མ་མཐར་འཁྱོལ་ཡོདཔ་ཨིན་པས།
ཧཱཔ་བཟུམ་སྦེ་ སྦ་གསང་མེད་པར་ བློ་ཐད་ཀར་དུ་སླབ་མི་ བློན་ཆེན་ཚེ་རིང་སྟོབས་རྒྱས་དེ་ སྤྱི་ལོ་༢༠༠༨ ལུ་ སྲིད་དོན་ནང་ འཛུལ་ཞུགས་མ་འབད་བའི་ཧེ་མར་ སྤྱི་ལོ་༡༩༩༡ ལུ་ ཤེས་རིག་ལས་ཁུངས་འོག་ལུ་ བཟོ་རིག་དང་ ལས་གཡོག་ཤེས་རིག་སྡེ་ཕྲན་ནང་ལས་སྦེ་ ཁོ་རའི་ཚེ་གཡོག་འགོ་བཙུགས་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༡༩༩༨ ལུ་ རྒྱལ་ཡོགས་བཟོ་རིག་སྦྱོང་བརྡར་དབང་འཛིན་ གཞི་བཙུགས་འབད་ནུག།
དེ་ལས་ སྤྱི་ལོ་༢༠༠༣ ལས་༢༠༠༧ ཚུན་ ལས་གཡོག་དང་ མི་སྟོབས་ལྷན་ཁག་ནང་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཤེས་རིག་ལས་བྱེད་པའི་ཕན་བདེ་ལས་འཆར་དང་ ཐིམ་ཕུ་ན་གཞོན་ལྟེ་བ་གཞི་བཙུགས་འབད་ཡོདཔ་མ་ཚད་ ན་གཞོན་གོང་འཕེལ་མ་དངུལ་དང་ ཆེ་རིམ་ཤེས་རིག་ཚོགས་སྡེ་ འབྲུག་གི་གཙུག་ལག་སློབ་སྡེ་ལ་སོགས་པའི་ བཀོད་ཚོགས་ཚུ་ནང་ འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་དེ་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་གཞི་བཙུགས་འབདཝ་ད་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་ འགོ་དཔོན་དང་པ་ཨིནམ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གཞི་བཙུགས་འབད་མི་ འཐུས་མི་ཅིག་ཡང་ཨིན་པས།
ཁོ་རའི་ཡོངས་འབྲེལ་འཆར་སྒོ་ནང་ བཀོད་པའི་ནང་གསལ་ སྤྱི་ལོ་༢༠༠༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མི་སེར་ཚུ་ལུ་ གདོང་ཁར་ཐོན་ཏེ་ སྲིད་དོན་ནང་ འཛུལ་ཞུགས་ཐོག་ དམངས་གཙོའི་རིང་ལུགས་མཐར་འཁྱོལ་ཅན་བཟོ་དགོཔ་སྦེ་ བཀའ་སློབ་བཟང་པོ་གནངམ་ད་ ང་གིས་ རྒྱལ་ཁབ་དང་ མི་སེར་ལུ་ འཕྲོ་མཐུད་དེ་ ཕྱག་ཞུ་ནི་གི་ གོ་སྐབས་ཅིག་ཨིན་པས་མནོ་སྟེ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་དང་པའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁབ་ནང་ འདེམས་ཁོངས་༤༧ ཡོད་མི་ལས་ སྡོད་ཁྲི་༢ མ་གཏོགས་ ཐོབ་མ་ཚུགསཔ་ལས་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ དམངས་གཙོ་ཚོགས་པའི་གཙོ་འཛིན་ སངས་རྒྱས་དངོས་གྲུབ་ཀྱིས་ དགོངས་ཞུ་འབད་མི་དང་བསྟུན་ སྟབས་ལེགས་སྟེས་དབང་གིས་སྦེ་         ཚེ་རིང་སྟོབས་རྒྱས་དེ་ ལྡོག་ཕྱོགས་               འགོ་ཁྲིདཔ་སྦེ་ གདམ་འཐུ་
  གྲུབ་ལས་སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ རྒྱལ་ཡོངས་ཚོགས་འདུ་ནང་ ལྡོག་ཕྱོགས་ཚོགས་པ་སྦེ་ ཕྱག་ཞུ་ནུག།
སྤྱི་ཟླ་༧ པའི་ཚེས་༡༩ ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དེ་ བློན་ཆེན་གྱི་ འདེམས་ངོ་སྦེ་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡༠ གྱི་ མཚན་ཐོ་གསལ་བསྒྲགས་འབད་མི་ཚུ་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདག་རྐྱེན་གནང་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་གསརཔ་དེ་ནང་ སྐྱེས་ལོ་༤༢ ལས་༦༠ གི་བར་ན་འབད་མི་ བློན་པོ་ཚུ་ གཞུང་གི་འགོ་དཔོན་བགྲེསཔ་དང་ གྲོས་སྟོན་པ་ ཚོང་ལཱ་རྐྱབ་མི་ཚུ་ སླ་བསྲེས་ཏེ་ཡོདཔ་ཨིན་པས།
དེ་ཡང་ ནུབ་ཕྱོགས་རྫོང་ཁག་ལས་ མགར་ས་དགོན་ཁ་སྟོད་-ལ་ཡའི་འདེམས་ངོ་ སྐྱེས་ལོ་༤༧ ལང་མི་ དམ་ཆོས་རྡོ་རྗེ་དེ་ ནང་སྲིད་དང་ སྲོལ་འཛིན་བློན་པོ་དང་ དབང་འདུས་ཕོ་བྲང་ཨ་ཐང་-ཐེད་ཚོ་གི་འདེམས་ངོ་ སྐྱེས་ལོ་༤༢ ལང་མི་ རྟ་མགྲིན་དབང་ཕྱུག་དེ་ གསོ་བའི་བློན་པོ་ཨིན་པས།
དབུས་ཕྱོགས་རྫོང་ཁག་ལས་ ཀྲོང་གསར་བྲག་སྟེང་-གླང་མཐིལ་གྱི་འདེམས་ངོ་ སྐྱེས་ལོ་༤༧ ལང་མི་ རྣམ་རྒྱལ་རྡོ་རྗེ་གིས་ དངུལ་རྩིས་བློན་པོའི་ གོ་གནས་ཐོག་ ཕྱག་ཞུ་ནི་ཨིན་པས།
ལྷོ་མཚམས་ལུང་ཕྱོགས་ལས་ བློན་པོ་གསུམ་ཡོད་མི་དེ་ཡང་ གསར་སྤང་ཤོམ་སྤང་ཁའི་འདེམས་ངོ་ སྐྱེས་ལོ་༤༧ ལང་མི་ རིག་འཛིན་རྡོ་རྗེ་དེ་ ཕྱི་འབྲེལ་བློན་པོ་དང་ དར་དཀར་ནང་བཀྲིས་ལྡིང་-ལྷ་མོ་རྫིང་ཁའི་འདེམས་ངོ་ སྐྱེས་ལོ་༤༨ ལང་མི་ ཉི་མ་སངས་རྒྱས་ཆེན་པོ་དེ་ ལས་གཡོག་བློན་པ་ཨིནམ་ད་ བསམ་རྩེ་ཕུན་ཚོགས་དཔལ་རི་-བསམ་རྩེའི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ ཌི་ཨེན་དུང་གེལ་དེ་ བརྒྱུད་འབྲེལ་བློན་པོ་ཨིན་པས།
དེ་ལས་ ཤར་ཕྱོགས་ལུང་ཕྱོགས་ལས་ བློན་པོ་༤ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་ཡང་ བཀྲིས་སྒང་ཁྲིམས་ཤིང་གི་འདེམས་ངོ་ སྐྱེས་ལོ་༥༣ ལང་མི་ རྡོ་རྗེ་ཆོས་སྒྲོན་དེ་ ཞབས་ཏོག་བློན་པོ་ཨིན་པའི་ཁར་ འབྲུག་ལུ་ ཨམ་སྲུ་བློན་པོ་དང་པ་དང་ ད་རུང་ བཀྲིས་སྒང་བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་གི་འདེམས་ངོ་ སྐྱེས་ལོ་༤༣ ལང་མི་ ནོར་བུ་དབང་ཕྱུག་དེ་ བསྟན་རྒྱས་བློན་པོ་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་བདེ་བ་ཐང་-སྒོམ་དར་གྱི་འདེམས་ངོ་ སྐྱེས་ལོ་༦༠ ལང་མི་ མིང་པོ་འབྲུག་པ་དེ་ ཤེས་རིག་བློན་པོ་ཨིན་པའི་ཁར་ ལྷུན་རྩེ་སྨན་སྦིས་-བཙན་མཁར་གྱི་འདེམས་ངོ་ སྐྱེས་ལོ་༤༢ ལང་མི་ ཡེ་ཤེས་རྡོ་རྗེ་དེ་ སོ་ནམ་བློན་པོ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ལས་ གནས་ཚུལ་གསར་སྟོན་འབད་མི་དང་འཁྲིལཝ་ད་ བློན་ཆེན་དང་ བློན་པོ་ཚུ་ མི་དབང་མངའ་ཞབས་མཆོག་ལས་ བདག་རྐྱེན་གྱི་ ལེགས་དར་ཞུ་བའི་ཤུལ་ལུ་ བཀྲིས་ཆོས་རྫོང་གི་ དགོན་ཁང་དང་ ཀུན་ར་ནང་བྱོན་ཏེ་ སྙན་དར་དང་ དཀར་མེ་ཕུལ་ནི་ཨིནམ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ སྐུ་མདུན་ལུ་བཅར་ཏེ་ ཕྱག་དབང་ཞུ་ནི་ཨིན་པས།
དེ་ལས་ བློན་པོ་ཚུ་ རང་སོའི་ལྷན་ཁག་ཚུ་ནང་བྱོན་ཏེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་བརྩི་བའི་ཤུལ་ལུ་ ལེགས་སྨོན་ཅན་ཚུ་གིས་ བཀྲིས་ཁ་དར་ཕུལ་ནི་ཨིན་པས།
སྤྱིར་བཏང་བཙག་འཐུའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ སྡོད་ཁྲི་༣༢ ཐོབ་སྟེ་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་པའི་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ སྡོད་ཁྲི་༡༥ ཐོག་ ལྡོག་ཕྱོགས་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོད་པའི་གནས་ཚུལ།
                                                                                  རིག་འཛིན་དབང་ཕྱུག།

No comments:

Post a Comment