གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེའི་དཔེ་མཛོད་ཁང་གི་ ཁེ་ཕན་སྦོམ་བྱུང་ཡོདཔ།

༢༣/༧/༢༠༡༣   ༉ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་གི་དོན་ལུ་ མི་སྡེའི་དཔེ་མཛོད་ཁང་ཅིག་ གཞི་བཙུགས་འབད་ཡོད་མི་དེ་ ས་གནས་ཀྱི་མི་སེར་ཚུ་ལུ་ ཤེས་ཡོན་སྤེལ་ཁང་དང་ སྐྱིད་སྐྱོང་ས་གནས་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
གཞི་རྟེན་ཤེས་ཡོན་ལྷབ་མི་ ཨམ་སུ་ཚུ་ དཔེ་མཛོད་ཁང་ནང་ དཔེ་དེབ་ཚུ་ ལྷག་སྡོད་པའི་བསྒང་།


སྤྱི་ལོ་༢༠༡༢ ཀྱི་ལོ་མཇུག་བསྡུ་ཁམས་ལུ་ རཱིཌ་བུ་ཊཱན་ཟེར་མི་ལས་འགུལ་གྱིས་ གཞི་བཙུགས་འབད་མི་ དཔེ་མཛོད་ཁང་དེ་གིས་ ས་གནས་ཀྱི་ ཞི་གཡོགཔ་བགྲེསཔ་དང་ སློབ་གྲྭ་ནང་ལས་ཐོན་སྡོད་མི་ སློབ་ཕྲུག་ཚུ་དང་ དེ་གི་གྲས་ལས་ཡང་ གཞི་རྟེན་ཤེས་ཡོན་སྦྱང་མི་ ལྷ་ཁང་དགོན་སྡེ་ཚུ་ནང་ལས་ སྒོམ་ཆེན་དང་ དགེ་སློང་ ཉེ་འདབས་ཀྱི་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་བྱུངམ་ཨིན་པས།
མཐུན་རྐྱེན་ལག་ལེན་འཐབ་མི་ཅིག་ སྤང་ཟོར་གཡུས་ཚན་ནང་ལས་ གཞི་རྟེན་ཤེས་ཡོན་ལྷབ་མི་ སྐྱེས་ལོ་༥༥ ལང་མི་ ཀུན་བཟང་ཨིནམ་ད་ མོ་གིས་ དུས་བཟང་ཚུ་ནང་ སོ་ནམ་ཞིང་ལཱ་མ་འབད་བར་སྡོད་པའི་སྐབས་དང་ གཞན་དུས་ཚོད་ནམ་ཐོབ་ཅི་ ཆ་རོགས་དག་པ་ཅིག་དང་གཅིག་ཁར་ དཔེ་མཛོད་ཁང་ནང་སོང་ཞིནམ་ལས་ རྫོང་ཁའི་སྲུང་དེབ་ཚུ་དང་ རྩང་མོ་  དང་ཕུའི་ གླུ་དེབ་ཚུ་ ལྷག་དོ་ཡོདཔ་ཨིན་པས།
མོ་གིས་ ལྷག་ནི་ལུ་ དཀའ་ངལ་མེད་རུང་ གོ་བ་ལེན་ནི་ལུ་ དུམ་གྲ་ཅིག་ དཀའ་ངལ་ཐོནམ་མས་ཟེར་ཨིནམ་ད་ ཁོང་གི་སློབ་སྟོན་པ་དང་ དཔེ་གཉེར་པ་ དེ་ལས་ གཞན་ཤེས་མི་ཚུ་ལུ་དྲིས་ཐོག་ལས་ ཆ་རོགས་ལེནམ་ཨིན་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ དཔེ་དེབ་ཚུ་ ལྷབ་པའི་ཤུལ་ལས་ བླམ་ཚུ་ལས་ ཆོས་ཞུ་བའི་སྐབས་ གོ་དོན་ཧ་གོ་ནི་ལུ་ཡང་ འཇམ་མ་ཚད་ མོ་ར་ཞབས་ཁྲ་ལུ་ དགའ་མི་ཅིག་འབདཝ་ལས་ མོ་གི་བློ་ལས་བརྗེད་མི་ ཞབས་ཁྲའི་ཚིག་ཚུ་ ལྷག་ཞིནམ་ལས་ ནོར་བཅོས་འབད་བའི་ཤུལ་ལུ་ གཡུས་ཁའི་ལོ་ཆོག་དང་ ཁྱིམ་སྒྲུབ་ཚུ་འབད་བའི་སྐབས་ འཐེནམ་ཨིན་ཟེར་ཨིན་པས།
དཔེ་མཛོད་ཁང་ནང་ དུས་རྒྱུན་དུ་འོང་མི་ཅིག་ ཀུན་བཟང་གི་ཆ་རོགས་ གཞི་རྟེན་ཤེས་ཡོན་ལྷབ་མི་ སྐྱེས་ལོ་༣༨ ལང་མི་ དཔྱལ་ཐལ་མོ་དེ་ཨིནམ་ད་ མོ་གིས་ མང་ཤོས་ར་ སྲུང་དེབ་ ཆུང་ཀུ་ཚུ་དང་ རྫོང་ཁའི་གསར་ཤོག་ཚུ་ ལྷག་པའི་ཁར་ དེ་གིས་ རྫོང་ཁ་ཧ་གོ་ནི་ལུ་ཡང་ ཕན་ཐོགས་འདུག་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ལུ་ ཕམ་ཉམ་ཆུང་འབད་ནི་དེ་གིས་ སློབ་གྲྭ་ནང་འགྱོ་ནིའི་གོ་སྐབས་ཐོབ་མ་ཚུགས་ཏེ་འབད་རུང་ གཞི་རྟེན་ཤེས་ཡོན་ལྷབ་ནི་ཐོབ་མ་ཚད་ དཔེ་མཛོད་ཀྱི་མཐུན་རྐྱེན་ཡོད་མི་ལུ་བརྟེན་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།
དཔེ་མཛོད་ཁང་ནང་ ལམ་སྟོན་དང་ གསུང་བུམ་ སྲུང་ གླུ་དེབ་ རྣམ་ཐར་ ཨ་ལུའི་དཔེ་དེབ་དང་ པར་རིས་ལ་སོགས་པ་ཚུ་རྩིས་ཏེ་ བསྡོམས་ཀྱིས་ དཔེ་དེབ་ རིགས་༡༧༠༠ དེ་ཅིག་ཡོདཔ་ད་ དཔེ་མཛོད་ཀྱི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ དཔེ་མཛོད་ཁང་ནང་ བསྡོམས་ཀྱིས་ དཔེ་དེབ་རིགས་༣༠༠༠ དེ་ཅིག་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
དཔེ་དེབ་ཚུ་ བརྙ་བཅུག་ནིའི་ལམ་ལུགས་ཡང་ཡོདཔ་ད་ སློབ་ཕྲུག་ཨ་ལུ་ཚུ་ལུ་འབད་བ་ཅིན་ མཐོ་ཤོས་ བདུན་ཕྲག་གཅིག་གི་དོན་ལུ་ བྱིན་དོ་ཡོདཔ་ད་ གཞི་རྟེན་ཤེས་ཡོན་ལྷབ་མི་ཚུ་ལུ་འབད་བ་ཅིན་ ཟླཝ་༡ ཚུན་ བྱིན་དོ་ཡོདཔ་ཨིན་པས།
དཔེ་མཛོད་ནང་ གློག་རིག་ཀམ་པུས་ཊར་ དག་པ་ཅིག་ཡང་ གཞི་བཙུགས་འབད་ཡོད་མི་ཚུ་ གནམ་དགུན་དང་ བྱཱར་གྱི་ངལ་གསོའི་སྐབས་ ལས་འགུལ་ལཱ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དཔེ་མཛོད་ཁང་དེ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ ཞབས་ཏོག་གཞི་བཙུགས་འབད་ནིའི་འཆར་གཞི་ཡོད་རུང་ ད་ལྟོ་ རྒྱུན་ལམ་ལྷོད་མ་ཚུགས་མི་ལུ་བརྟེན་ ཐོགས་ལུས་ཡོད་ཟེར་ དཔེ་གཉེར་པ་ ཀརྨ་ལྷ་མོ་གིས་བཤདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ མཐུན་རྐྱེན་ལག་ལེན་འཐབ་ནིའི་དོན་ལུ་ མང་ཤོས་ བདུན་མཐའ་ཚུ་དང་ དུས་བཟང་ དེ་ལས་ གཞུང་གི་ངལ་གསོ་ཚུ་ནང་ འོང་དོ་ཡོད་རུང་ རེ་གཉིས་ཀྱིས་ ཕྱི་རུ་ཁམས་གཅིག་ཁར་ འོངམ་མས་ཟེར་ཨིན་པས།
དཔེ་མཛོད་ཁང་དེ་ རཱིཌ་བུ་ཊཱན་གྱིས་ རྒྱལ་ཁབ་ཀྱི་ས་གནས་ཁག་དག་པ་ཅིག་ནང་ མི་སྡེའི་ཤེས་ཡོན་གྱི་དོན་ལུ་ དཔེ་མཛོད་ཁང་དག་པ་ཅིག་ གཞི་བཙུགས་འབད་ཡོད་པའི་གྲས་ལས་གཅིག་ཨིནམ་ད་ རཱིཌ་བུ་ཊཱན་དེ་ མི་སྡེའི་ཞབས་ཏོག་ལེགས་ལྡན་བྱིན་པའི་ངོས་འཛིན་ལུ་ དུས་ཅི་ རྒྱལ་སྤྱིའི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment